ཝང་ཅན་ཅོན་གྱིས་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་རྟོག་ཞིབ་བྱས།
2017.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་སྔ་གཞུག་ཏུ་མདོ་ལ་རྫོང་དང་མིན་ཡོན་རྫོང་གཉིས་སུ་སོང་ནས། དེ་གའི་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། དེ་འབྲེལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་རྒྱུད་ལ་བརྟན་པོར་ཉར་བ། ཁྱོན་ཡོངས་ནས་ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། ཚུལ་བསྒྱུར་བཞི་ཡར་སྐུལ་དོན་ལྡན་བྱེད་དགོས་པར་མ་ཟད། ལྗང་མདོག་འཕེལ་རྒྱས་ཀྱི་ངོས་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་མཐར། མཚོ་སྔོན་གྱི་ལྗང་མདོག་བྱ་བ་གཟེངས་སུ་ཐོན་པར་བྱེད་དགོས་ཟེར།

རྟོག་ཞིབ་ཁྲོད་དུ། ཝང་ཅན་ཅོན་མདོ་ལ་རི་བོའི་རང་བྱུང་ས་ཁུལ་གྱི་ལྟ་སྲུང་ས་ཚིགས་དུ་མར་སོང་ནས། ཡུལ་དངོས་ནས་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་སྐྱེ་དངོས། འཁྱགས་རོམ། གངས་ཀྱི་རི་ཚོགས། བརླན་ས་སོགས་ལ་སྲུང་སྐྱོབ་དོ་དམ་དང་ཁོར་ཡུག་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་བསྐྱར་གསོ་བཟོ་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། དོ་དམ་སྲུང་སྐྱོབ་ས་ཁུལ་གྱི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ཐད་ནས་བླང་བྱ་ཞིབ་མོ་བཏོན།

ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། ཝང་ཅན་ཅོན་གྱིས་མདོ་ལ་རྫོང་ནས་མགོ་འཛིན་བྱས་ཏེ། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་བྱང་ཁུལ་དང་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན། ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཕྱུགས་ཐིན། ནགས་ལས་ཐིན་བཅས་ཀྱིས་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་སྐོར་ལ་ཕུལ་བའི་སྙན་ཞུར་ཉན།

ཝང་ཅན་ཅོན་གྱིས་བསྟན་དོན། མདོ་ལ་རི་བོ་ནི་རྨ་ནུབ་དོག་ལམ་དང་། རྨ་ཆུ་དང་ཙོང་ཆུའི་བཞུར་ཁོངས། མཚོ་སྔོན་པོའི་གཞོང་ས། ཚྭ་འདམ་གཞོང་ས་བཅས་ཀྱི་ཆུ་གསོག་ཐོན་ཁུངས་གཙོ་བོ་ཡིན་པས། ངེས་པར་དུ་མི་དང་རང་བྱུང་ཁམས་བར་དང་། ཆུ་དང་ཚེ་སྲོག་བར། རྩྭ་དང་སྒོ་ཕྱུགས་བར། ནགས་དང་རི་རྒྱུད་བར་གྱི་འཆམ་མཐུན་འབྲེལ་བར་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་དགོས་པར་མ་ཟད། ལྗང་མདོག་གི་རྩིས་གསལ་བོ་རྒྱག་པ་དང་། ལྗང་མདོག་གི་ལམ་བུར་བདེ་ལེགས་ངང་འཇུག་པ། ལྗང་མདོག་གི་མིང་གྲགས་ཐོན་རྫས་བཟང་བོར་གཉེར་བ་བཅས་བྱས་ཏེ། བར་མ་ཆད་པའི་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བདེ་ལེགས་ངང་འཇུག་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་བཟང་བོར་གཉེར་རྒྱུ་ནི། ང་ཚོའི་ཕྱི་བཤོལ་བྱེད་ཐབས་མེད་པའི་འགན་འཁྲི་ཡིན། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་བསྐྱོད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་བརྟན་པོ་དང་འདུ་ཤེས་བརྟན་པོ། སྙིང་སྟོབས་ཀྱི་ཁུར་འདེགས་ཆེན་པོ་བཅས་ཀྱི་ངོས་ནས། ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བསྐྲུན་དགོས་ཟེར།
ཡན་ཅིན་ཧེ་ཀྱང་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུར་ཞུགས།