མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་ཀྱིས་བྱ་བར་བླང་བྱ་བཏོན།
2017.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དང་པོའི་ཚེས་བཞི་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུབསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་གཉིས་ཀྱིས་ཐེངས་འདིའི་གྲོས་ཚོགས་བཟང་བོར་བསྡུ་ཐུབ་པར་མཐོང་ཆེན་བླ་མེད་བྱས། གྲོས་ཚོགས་མ་བསྡུས་པའི་སྔོན་ལ། ཝང་གོ་ཧྲིན་ཆེད་དུ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དུ་ཡོང་ནས་རྟོག་ཞིབ་བྱས་ཏེ། འཕེལ་རྒྱས་བཅོས་སྒྱུར་བྱ་བས་ཉེ་བའི་ལོ་འདི་དག་གི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་ནན་གྱིས་བསྟན་དོན། འཕེལ་རྒྱས་བཅོས་སྒྱུར་མ་ལག་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་ལས་རིམ་ཧྲིལ་བོའི་ཁྲོད་འགན་འཁྲི་ལྗིད་མོ་ཟིན་ཡོད་ཅིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ལས་རིམ་ཁག་སོ་སོའི་ཇུས་གཞི་དང་འཆར་འགོད་ལག་བསྟར་དངོས་འབེབས་བྱེད་དགོས། ཚན་རིག་གི་འཕེལ་རྒྱས་བགྲོད་ལམ་འཚོལ་དཔྱོད་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་འཕེལ་རྒྱས་ཆེན་མོའི་ཁྲོད་ཟིན་པའི་འཐབ་ཇུས་གནས་ཐིག་གཏན་འཁེལ་དང་འགན་འཁྲི་ལྕི་མོར་ངོས་ཟིན་ཡང་དག་འདྲོངས་པར་བྱེད་དགོས། ཚན་རིག་གི་ལམ་ནས་མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་དང་ཁྱད་ལྡན་ཐོན་ཁུངས། བོད་ཁུལ་སྲིད་ཇུས་སོགས་དགེ་མཚན་མང་པོར་གོ་བ་ཡང་དག་ལོན་དགོས། འཆར་འགོད་གསལ་ཐག་ཆོད་པ་བཟོ་བ་དང་ནན་ནན་ཏིག་ཏིག་ངང་ལས་སྒོ་སྤེལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕར་སྣོན་གསར་བ་འབྱུང་བར་བྱས་ཏེ། མགོ་ཡག་པོ་ཞིག་རྩོམ་པར་སྟོབས་ཤུགས་གང་ཡོད་རྩལ་དུ་འདོན་དགོས། ཝང་ཅན་ཅོན་གྱིས་ཆེད་དུ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་ཏེ། ཉིས་སྟོང་བཅུ་བདུན་ལོའི་འཕེལ་རྒྱས་བཅོས་སྒྱུར་བྱ་བར་ཞིབ་ཕྲའི་བླང་བྱ་བཏོན། ཁོས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་མ་ལག་གིས་ལོ་གསར་བའི་ནང་དུ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་སྙིང་པོར་གོ་བ་ཡང་དག་བླངས་ནས། གཅིག་གྱུར་འཆར་འགོད་དང་འགན་ནུས་སྙོམ་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ས་ཁོངས་དང་མཁར་གྲོང་། ཐོན་ལས། སྤྱི་ཚོགས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རུང་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པར་བླང་བྱ་ནན་མོ་བཏོན་པ་ལས་གཞན། ད་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྔོན་རྩིས་ནང་ཚུད་པའི་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་ཇེར་གཏོང་བ་དང་། ཐུན་མོང་ཧྲག་བསྡུས་སྒོས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་ཆེར་གཏོང་བ། མ་དངུལ་གཏོང་བའི་ཕན་འབྲས་རང་བཞིན་དང་གནད་ཕིགས་རང་བཞིན་ཇེ་མཐོར་གཏོང་བ། དངུལ་གཏོང་དང་འཛད་སྤྱོད་རྒྱ་ཆེར་གཏོང་བ་གཉིས་ཟུང་དུ་སྦྲེལ་བ། བར་མ་ཆད་པའི་ངང་དངུལ་གཏོང་གིས་དཔལ་འབྱོར་འཕར་སྣོན་ལ་འདེགས་སྐྱོར་ནུས་པ་ཐོན་པ་རྒྱུན་འཁྱོངས་བྱེད་པ། རང་སྟེང་གི་འཇོན་ནུས་སྔོག་འདོན་དང་བློ་རིག་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱེད་པ། ལས་གཞི་ཁག་སོ་སོའི་སྔོན་འགྲོ་དང་སྟ་གོན་གྱི་བྱ་བ་དམ་འཛིན་བྱེད་པར་སྟོབས་ཤུགས་གང་ཡོད་འདོན་པ། ཚན་རིག་གི་ལམ་ནས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་བྱ་བར་འཆར་འགོད་ལེགས་པོ་བྱེད་པ། གསར་གཏོད་བཟོ་སྐྲུན་གལ་ཆེན་སྙོམ་སྒྲིག་ལག་བསྟར་བྱེད་པ། སྟོབས་དང་ལྡན་པའི་ནོར་སྲིད་སྲིད་ཇུས་བཟང་པོ་རྒྱབ་རྟེན་དུ་བྱེད་པ་བཅས་ལ་འབད་དེ། དངུལ་ལོར་གྱིས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ཟེར།