ཝང་ཅན་ཅོན་གྱིས《སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་ནས》་ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ལ་བསམ་འཆར་བསྡུ་ལེན་བྱས།
2017.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་དང་པོའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་ཆེད་དུ་སྔ་ཕྱིར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཁག་ཏུ་སོང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་བྱ་བ་དང«སྲིད་གཞུང་བྱ་བའི་སྙན་ཞུར»བསམ་འཆར་བསྡུ་ལེན་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གཉིས་ཀྱིས་སོ་སོར་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིན་དང་དབང་མོ། མཱ་ཝེ། ཚའོ་ཧུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་ལའོ་ཁྲོ་ཡང་། པའོ་ཡུས་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅིས་རིན་ཧྥིན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས་པ་མ་ཟད། ད་དུང་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུའི་ཀྲུའུ་རིན་ཨུ་ཡོན་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཆེད་དམིགས་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣ་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། ཀྲང་ཀོང་རུང་དང་ཡང་ཧྥིན་ཁྲོན་གཉིས་ཀྱིས་ཚོགས་འདུར་ཞུགས་ནས་བསམ་འཆར་ལ་ཉན།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཚང་མས་ཞིང་ཆེན་སྲིད་གཞུང་གི་བྱ་བ་དང་། སྲིད་གཞུང་བྱ་བའི་སྙན་ཞུར་བསམ་འཆར་བསྡུ་ལེན་བྱེད་པའི་སྐོར་ནས་འདོད་ཚུལ་ལྷུག་པོར་བཤད། ཚང་མས་མགྲིན་གཅིག་ཏུ་བཞེད་དོན། སྲིད་གཞུང་བྱ་བའི་སྙན་ཞུར་བསམ་འཆར་བསྡུ་ལེན་བྱེད་པའི་བྱ་བས་ཀྲུང་དབྱང་གི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ཏེ། དུས་རབས་ཀྱི་བླང་བྱར་རུང་བསྟུན་དང་མང་ཚོགས་ཀྱི་སེམས་ཁུར་བྱེད་གནས་མངོན་པར་མཚོན་ཡོད། ཚང་མས་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་ཡང་དག་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གི་ལས་རིམ་ཁག་སོ་སོའི་བྱ་བར་དྲང་ཕྱོགས་ཀྱི་དཔྱད་འཇོག་བྱས་པར་མ་ཟད། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྔར་ལས་ཟབ་འཁྱོལ་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་གཏོད་སྒུལ་སྤེལ་གཏིང་ཟབ་དུ་སྤེལ་བ། འཕེལ་རྒྱས་ཞན་ཆ་དུས་ལྟར་གསབ་པ། དབུལ་ཐར་མཁྲེགས་གཏོར་བྱ་བ་དམ་པོར་འཛིན་པ། དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་བསམ་འཆར་དོན་དང་ལྡན་པ་བཏོན།

ཝང་ཅན་ཅོན་གྱིས་ནན་ཏན་སྒོས་གཏམ་བཤད་སོ་སོར་ཉན་ནས་གནད་ཀྱི་དོན་པོ་ཟིན་ཐོར་བཀོད་རྗེས། སྐབས་དང་སྐབས་སུ་ཚང་མ་དང་ལྷན་དུ་བསམ་འཆར་བརྗེ་རེས་བྱས། ཁོས་ཞིང་ཆེན་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཚང་མས་འགན་འཁྲི་དང་བརྩེ་སེམས། རེ་བ་བཅས་ལ་སྙིང་ལ་ཉར་ནས། ཚད་མཐོའི་འགན་འཁྲིའི་འདུ་ཤེས་བཟུང་ཏེ། དངོས་ཡོད་ལ་ཕན་པའི་བསམ་འཆར་གང་མང་བཏོན་པར་མ་ཟད། སྲིད་གཞུང་བྱ་བར་སྐུལ་འདེད་དང་ཁས་ལེན་བྱས་པས། དེ་ནི་ང་ཚོའི་མ་འོངས་བྱ་བའི་སྒུལ་ཤུགས་སུ་ཉར་ཆོག ང་ཚོས་བློ་མཐུན་རྣམས་ཀྱིས་བཏོན་པའི་བསམ་འཆར་ལ་ཉམས་ཞིབ་དང་དབྱེ་ཞིབ་ལེགས་པོ་བྱས་རྗེས། ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུ་ལེགས་བཅོས་འཐུས་སྒོ་ཚང་བ་གཏོང་དགོས་པ་དང་། དེའི་རྗེས་ལས་རིམ་ཁག་སོ་སོའི་བྱ་བ་དོན་དངོས་ལྟར་དམ་པོར་འཛིན་དགོས། རེ་བ་ཡིན་ན། ཞིང་ཆནེ་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིས་སྔར་སྲོལ་བཞིན་སྲིད་གཞུང་བྱ་བར་རྒྱབ་སྐྱོར་བླ་མེད་བྱས་ཏེ། སྲིད་གཞུང་བྱ་བར་ལྟ་སྐུལ་དོ་དམ་གང་ལེགས་བྱེད་རྒྱུ་གལ་ཟེར།

ཟླ་དང་པོའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་དུ། ཡན་ཅིན་ཧེ་དང་ཁྲིན་ལིས་ཧྭ། ཝང་ལིས་མིན་བཅས་ཀྱིས་སོ་སོར་གཞི་རིམ་ལས་བྱེད་མང་ཚོགས་དང་། ཚན་རིག་སློབ་གསོ་རིག་གནས་སྡེ་ཡི་མི་སྣ། བཟོ་ཚོང་ཁེ་ལས་སྡེ་ཡི་མི་སྣ་བཅས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་དང་སྲིད་གཞུང་བྱ་བའི་སྙན་ཞུར་བསམ་འཆར་བསྡུ་ལེན་བྱས། ཚང་མས་ཚོགས་ཐོག་ནས་འདས་ཟིན་པའི་ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། ད་ལོའི་ལས་རིམ་ཁག་སོ་སོའི་བྱ་བའི་བཀོད་སྒྲིག་དང་འདང་རྒྱག་ཕྱོགས་ལ་བསྟོད་བསྔགས་བྱས་པར་མ་ཟད། དེ་མིན་ད་དུང་ཞིབ་ཕྲའི་བསམ་འཆར་ཁ་གསལ་བཏོན།