2017ལོའི་ལོ་སར་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བ་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་མགོ་རྩོམ་རྒྱུ་ཡིན་པ་དང་། ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་མཇུག་བསྒྲིལ་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཅུའུ་ཡི་སྔོན་དཔག་ལྟར་ན། ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འགྲུལ་སྐྱེལ་གྱི་ཚད་མི་ས་ཡ་དྲུག་ལ་བསླེབ་རྒྱུ་ཡིན་པ་དང་། དེ2016ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཉིས་ཡས་མས་ཀྱིས་འཕར་སྣོན་འབྱུང་ཐུབ།
མཚོ་སྔོན་ཞིང་ཆེན་གྱི་ལོ་སར་སྐབས་ཀྱི་གཞུང་ལམ་སྐྱེལ་འདྲེན་བྱ་བ་བཟང་པོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ས་ཆ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་གཞུང་ལམ་སྐྱེལ་འདྲེན་ཁེ་ལས། རླངས་འཁོར་ས་ཚིགས་བཅས་ཀྱིས་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་ཇུས་གཞི་གསལ་བོ་བཟོས་ནས། འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་ལ་སྔོན་དཔག་དང་སྐྱེལ་འདྲེན་ཐད་ནས་རྩ་འཛུགས་བཟང་པོ་བྱེད་པ་དང་། དུས་ཚོད་གལ་ཆེན་སྐབས་ཀྱི་སྐྱེལ་འདྲེན་བྱ་བར་ཤུགས་སྣོན་པ། ཞིང་སྡེའི་སྐྱེལ་འདྲེན་དོ་དམ་ལ་ཤུགས་སྣོན་པ། གཞུང་ལམ་འགྲུལ་སྐྱེལ་དང་ལྕགས་ལམ། མཁའ་འགྲུལ་བར་གྱི་བརྗེ་སྤོར་དང་། རླངས་འཁོར་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་སོགས་བར་གྱི་སྦྲེལ་མཐུད་ཞབས་ཞུ་བྱ་བ་བཟང་པོར་བསྒྲུབ་སྟེ། འགྲུལ་བས་རླངས་འཁོར་དང་མེ་འཁོར། གནམ་གྲུ སྤྱི་སྤྱོད་རླངས་འཁོར་སོགས་ལ་འདུག་པར་སྟབས་བདེ་བསྐྲུན་རྒྱུའི་རེ་བ་བཏོན།
འགྲིམ་འགྲུལ་སྡེ་ཁག་གིས་སྐྱེལ་འདྲེན་ཁེ་ལས་ཀྱིས་ལོ་སར་སྐབས་སུ་བཀོལ་སྤྱོད་བྱེད་པའི་རླངས་འཁོར་གྱི་གནས་ཚུལ་དང་ཁ་ལོ་བར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ནས། ལོ་སར་སྐབས་ཀྱི་རླངས་འཁོར་དང་ཁ་ལོ་བའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱེད་དགོས། ལོ་སར་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཉེན་ཁར་ཞིབ་བཤེར་དང་བཅོས་སྐྱོང་བྱས་ཏེ། དོན་རྐྱེན་ཆེན་པོ་འབྱུང་བར་བཀག་འགོག་བྱེད་དགོས། རླངས་འཁོར་ས་ཚིགས་ཀྱིས་ས་ཚིགས་ལས་ཕྱིར་འབུད་སྐབས་ཀྱི་ཞིབ་བཤེར་ལམ་ལུགས་དང་འགྲུལ་སྐྱེལ་རླངས་འཁོར་བདེ་འཇགས་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས། ཉེན་ཁ་ཆེ་བའི་དངོས་རྫས་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་གཞུང་ལམ་འགྲིམ་འགྲུལ་རླངས་འཁོར་ནང་སྡོད་པའི་འགྲུལ་བའི་དངོས་མིང་བཀོལ་ནས་སྤ་སེ་ཉོ་བའི་འབྲེལ་ཡོད་གཏན་ཁེལ་ལག་བསྟར་ནན་མོ་བྱས་ནས། འགྲུལ་བའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པའི་ཐད་ཤུགས་སྣོན་དགོས། སྐྱེལ་འདྲེན་ཁེ་ལས་ཀྱིས་ཐག་རིང་དུ་བསྐྱོད་པའི་རླངས་འཁོར་དུས་ཚོད་གཉིས་ནས་དུས་ཚོད་ལྔའི་བར་ནས་འགྲོ་མཚམས་འཇོག་པ་དང་། རླངས་འཁོར་གྱི་ཁ་ལོ་བ་སར་བབས་ཏེ་ངལ་གསོ་བའི་ལམ་ལུགས་ལག་བསྟར་བྱེད་དགོས། དངུལ་བསྡུ་ས་ཚིགས་སོ་སོས་དངུལ་བསྡུ་བྱེད་ས་རྒྱུན་ལྡན་ངང་བཀོལ་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱེད་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་གྱི་སྒྲིག་ཆས་དང་སྡོད་གནས། སྤྱོད་ཁང་། རླངས་འཁོར་ཞིག་གསོ་སོགས་ཐད་ཀྱི་ཞབས་ཞུ་ཆ་རྐྱེན་འཐུས་ཚང་དུ་བཏང་སྟེ། རླངས་འཁོར་དང་འགྲུལ་བར་བདེ་འཇགས་དང་འཐུས་སྒོ་ཚང་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
འགྲིམ་འགྲུལ་ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་ལྟར་རླངས་འཁོར་ས་ཚིགས་ཀྱི་ཕྱི་རོལ་ནས་འགྲུལ་བ་རླངས་འཁོར་དུ་སྡོད་དུ་འཇུག་པ་དང་འགྲུལ་བ་རླངས་འཁོར་ནང་སྡོད་དུ་མི་འཇུག་པ་སོགས་ཀྱི་ཁྲིམས་འགལ་ལུགས་འགལ་སྤྱོད་ཚུལ་ལ་ཞིབ་བཤེར་རྩད་གཅོད་བྱེད་རྒྱུ་ཡིན་པ་དང་། ས་ཆ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་མཉམ་དུ་བརྩེ་སེམས་ཀྱི་ཁེངས་པའི་འགྲུལ་བཞུད་བྱ་འགུལ་དང་ན་གཞོན་དང་བླངས་པའི་དྲོད་ཁོལ་ལྡན་པའི་དགུན་དུས་འགུལ་སྐྱོད་དང་ཞོར་ལས་པ་བདེ་འཇགས་ངང་ཕ་ཕུལ་ལ་སྐྱེལ་བའི་བྱ་འགུལ་སྤེལ་ནས། དམངས་ཕན་ཞབས་ཞུའི་བྱེད་ཐབས་སྲ་བརྟན་དུ་བཏང་སྟེ། འགྲུལ་བ་ཚོར་སྟབས་བདེ་དང་ཕན་འབྲས་ལྡན་པའི་ཞབས་ཞུ་སྔར་ལས་མང་པོ་འདོན་སྤྲོད་བྱེད་རྒྱུ་རེད།