ཟླ་དང་པོའི་ཚེས་ལྔ་ཉིན། གསར་འགོད་པས་མཚོ་ནུབ་ཁུལ་སྡོད་ཁང་འཛུགས་སྐྲུན་ལས་ཁུངས་ཀྱི་ལོ་ཧྲིལ་བོའི་བྱ་བ་ཁྱབ་བསྒྲགས་བྱེད་པའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོར། མཚོ་ནུབ་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ལས་ཁུངས་ཀྱིས་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། 2016ལོར་མཚོ་ནུབ་ཁུལ་ཡོངས་ཀྱི་གྲོང་གསེབ་ཅན་དུ་བསྒྱུར་བའི་ཚད་བརྒྱ་ཆེའི་དོན་ལྔ་དང་གྲངས་ཆུང་གཅིག་ཏུ་བསླེབས་པ་དང་། གྲོང་ཁྱེར་གྱི་ཁང་རྙིང་ཁུལ་གྱི་ཁང་བ་སྟོང་གཉིས་དང་ང་དྲུག་ལ་བསྒྱུར་བཀོད་བྱེད་མགོ་བརྩམས་ལ། ཁང་བ་སྟོང་དྲུག་དང་ལྔ་བརྒྱ་ལྷག་ལ་བསྒྱུར་བཀོད་བྱས་པ་དང་། ཁང་བ་སྟོང་ལྔ་དང་དྲུག་བརྒྱ་ཉེར་བདུན་གྱི་ནང་དུ་མི་བསྡད། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་སྟོང་གཅིག་དང་ལྔ་བརྒྱར་བསྒྱུར་བཀོད་བྱེད་མགོ་བརྩམས། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བརྒྱ་ཆའི་སུམ་ཅུ་ཐག་གཅོད་བྱས་པ་དང་། གད་སྙིགས་བརྒྱ་ཆའི་གྱ་བདུན་གཙང་དག་བྱས། རོང་འབྲོག་ཁུལ་གྱི་ཉེན་ཁང་བསྒྱུར་བཀོད་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་སོགས་སྲིད་ཇུས་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱས་པ་དང་། མིག་སྔའི་བར་དུ། རིགས་མི་འདྲ་བའི་ཁ་གསབ་རོགས་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་འབུམ་བཞི་ཁྲི་ལྔ་བྱིན་པ་དང་། རོང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་ཀྱི་སྒོར་སུམ་བརྒྱ་དང་བཅུ་བདུན་ཁ་གསབ་བྱས།
2016ལོར། མཚོ་ནུབ་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ལས་ཁུངས་ཀྱིས་སྔོན་དུ་ཞིང་ཆེན་ཡོངས་ནས་ཁྱད་ཆོས་གྲོང་རྡལ་འཛུགས་སྐྲུན་བྱས་པ་དང་། ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་སྐོར་ཁག་དང་པོའི་ཁྱད་ཆོས་གྲོང་རྡལ་བརྒྱ་དང་ཉེར་བདུན་གྱི་ཁྲོད་ཚུད། མཚོ་ནུབ་གྱི་མཁར་གྲོང་འཛུགས་སྐྲུན་དོ་དམ་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་སྐོར་གྱི་གྲོས་གཞིའི་འཆར་ཟིན་བཀོད་པ་མ་ཟད་ཁུལ་སྲིད་གཞུང་ལ་ཡར་ཞུ་བྱས་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། གྲོས་གཞི་ཕྱིར་བཏོན་པ་དེས། མིག་སྔའི་མཚོ་ནུབ་ཁུལ་གྱི་མཁར་གྲོང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་བཅད་པ་དང་། མཁར་གྲོང་འཛུགས་སྐྲུན་གྱི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། གྲོང་ཁྱེར་དོ་དམ་སྒྲིག་གཞི་བཅོས་བསྒྱུར་སྤེལ་བ་དང་། གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟའི་ས་ཁུལ་དུ་བདམས་ནས། མཚོ་ནུབ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དོ་དམ་བཅོས་བསྒྱུར་ཐད་ལམ་བུ་གསར་བ་འཚོལ་ཞིབ་དང་ཉམས་མྱོང་བཟང་བོ་བསྡུ་གསོག་བྱས། གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་དངུལ་བསྲེས་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མིག་སྔའི་བར་དུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རིགས་མི་འདྲ་བའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བརྩོན་ལེན་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་བཏང་། ཁང་རྙིང་ཁུལ་བསྒྱུར་བཀོད་ཀྱི་རྨང་གཞི་སྒྲིག་ཆས་ཆ་སྡེབས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དགུ་བརྩོན་ལེན་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་།