ཟླ་དང་པོའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། རྒྱལ་ཡོངས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཏེ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་དང་ཞིང་ཆེན་ཁྲིམས་ཁང་ཏང་ཙུའུ། ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་བཅས་ཀྱི་ལོ་འཁོར་བྱ་བའི་སྙན་ཞུར་ཉན་པ་ལས་གཞན། ཉིས་སྟོང་བཅུ་བདུན་ལོའི་དམངས་ཚིས་སྐོར་གྱི་དོན་དངོས་བཅུ་ལ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གི་གསུངས་བཤད་གལ་ཆེན་གྱིས། ཏང་གི་ལོ་རྒྱུས་འགན་འཁྲིའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགྲེང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཤིང་། མིག་སྔར་དང་མ་འོངས་པའི་དུས་ཡུན་ཞིག་གི་བྱ་བ་སྤྱིའི་བླང་བྱ་དང་འོས་འགན་གཙོ་བོ་གསལ་བོར་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི། ཆབ་སྲིད་འོས་འགན་གལ་ཆེན་དུ་འཛིན་དགོས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ཟུང་དུ་སྦྲེལ་ནས། དངོས་འབེབས་དོན་འཁྱོལ་བྱ་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་ལས་གཞན། ལག་ལེན་དུ་བསྟར་བ་དང་དོན་ཐོག་ཏུ་འཁྱོལ་བར་དོ་སྣང་བྱེད་དགོས། འགན་འཁྲི་གཉིས་གཟུར་མེད་ཕྲག་སྟེང་དུ་ལེན་པ་དང་གཟབ་ནན་གྱི་འདུ་ཤེས་བཅངས་ནས། མཚོ་སྔོན་གྱི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ནན་ནན་ཏན་ཏན་ངང་སྤེལ་ནས། རིགས་སོ་སོའི་མི་དམངས་མི་ཚོགས་ཡོངས་ཀྱི་འདོད་བློ་སྐོང་ཅི་ཐུབ་བྱེད་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན། ན་ནིང་ནས་བཟུང་། ཞིང་ཆེན་ཏང་ཨུས་བློ་ཐག་རྦད་ཆོད་ངང་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲི་ལག་བསྟར་ནན་ཏན་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཁག་གིས་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་གཙོ་གནད་དུ་བཟུང་ནས། ལྟ་སྐུལ་འགན་འཁྲི་དངོས་འབེབས་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གྲུབ་འབྲས་གསར་བ་བླངས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཅན་དུ་གཏོང་དགོས་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། སྐབས་བརྗེ་འདེམས་བསྐོའི་བྱ་བ་གཟབ་ནན་ཅན་དུ་གཏོང་བ་བཅས་ལ་འབད་དེ། བབ་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་གྲུབ་ཡོད། འབད་འབུངས་བྱས་པར་གྲུབ་འབྲས་ཡོད་པ་དང་དཀའ་སྤྱད་མྱངས་པར་སྡུག་ངོ་ཡོད་ངེས་པའི་ཆོད་སེམས་དང་ངང་རྒྱུད་རིང་དུ་བསྲིངས་ཏེ། སྲོལ་ངན་བཞི་བཅོས་སྐྱོང་བྱས་ནས། ཏང་གི་སྲོལ་རྒྱུན་བྱེད་ཕྱོགས་བཟང་བོ་དར་སྤེལ་གཏོང་བར་འབད་དེ། ཏང་སྲོལ་བཟང་བོའི་ངོས་ནས་སྤྱི་ཚོགས་ཀྱི་རྣམ་པ་དང་དམངས་ཀྱི་སྤྱོད་ལམ་ལ་སྣེ་ཁྲིད་བྱེད་དགོས་ཟེར།
གྲོས་ཚོགས་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཕུལ་བའི་ཉིས་སྟོང་བཅུ་བདུན་ལོའི་ལོ་སར་ཤིས་ཚིག་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་བརྡ་སྦྱོར»གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས། གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བསྟུད་མུར་ལོ་བཞིའི་ནང་དུ། ལོ་སར་ལ་ཤིས་ཚིག་ཕུལ་བའི་ཁྲོད་དུ། དབུལ་ཕོངས་ས་ཁུལ་གྱི་དབུལ་ཕོངས་མང་ཚོགས་དང་དབུལ་སྐྱོར་བྱ་བར་ཐུགས་ཁུར་ཟབ་བཞེས་གནང་བས། དེས་དབུལ་སྐྱོར་ལས་བྱེད་པར་བཅངས་པའི་ཐུགས་ཁུར་ཟབ་མོ་དང་དབུལ་ཕོངས་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་པར་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་དང་ལས་ཁུངས་ཁག་གིས་མགྱོགས་མྱུར་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་ཤུགས་ཆེན་བྱས་ཏེ། ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས། ལུགས་རྙིང་ལོ་སར་སྐབས་ཀྱི་དབུལ་སྐྱོར་རྟོག་ཞིབ་བྱ་འགུལ་ལ་རྩ་འཛུགས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་ཟབ་བཞེས་དང་བརྩེ་དྲོད་ཟབ་མོ་དབུལ་སྐྱོར་ལས་གནས་ན་ཡོད་པའི་ལས་བྱེད་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་རྣམས་ལ་ཚོར་དུ་འཇུག་དགོས་ཟེར།
གྲོས་ཚོགས་སྟེང་རྒྱལ་ཡོངས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཉི་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། གྲོས་ཚོགས་ལས་བསྟན་དོན། ཏང་གི་སྒྲིག་ཡིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། ཁྱད་པར་དུ་ལམ་ལུགས་ལྟར་ཏང་བཅོས་སྐྱོང་བྱེད་པ་དང་ཆོས་ཉིད་ལྟར་ཏང་བཅོས་སྐྱོང་བྱེད་པའི་བསམ་བློ་དང་བླང་བྱ་གལ་ཆེན་དམ་འཛིན་བྱས་ཏེ། འདུ་ཤེས་བཞི་རང་རྒྱུད་ལ་དམ་པོར་ཉར་དགོས། འཇོན་ཐང་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་གནད་འགག་ལས་དོན་དམ་པོར་བཟུང་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་དངོས་འཛིན་བདེན་གཉེར་གྱི་བྱེད་ཕྱོགས་ངོས་ནས་ལས་དོན་ཡོད་རྒུ་བསྒྲུབ་དགོས་ཟེར།
གྲོས་ཚོགས་སྟེང་དུ་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ན་ནིང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། གྲོས་ཚོགས་ལས་བསྟན་དོན། ད་ལོའི་བྱ་བ་བཟང་བོར་སྒྲུབ་དགོས་ན། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་། མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གཉིས་དཀྱིལ་སྙིང་དུ་བཟུང་སྟེ། གཅིག་གྱུར་འཆར་འགོད་ཀྱི་ངོས་ནས་ཡར་ལྡན་དུ་སྤེལ་དགོས་ལ། དངོས་འབེབས་དོན་འཁྱོལ་སྟེང་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་དང་། དཔེ་སྟོན་ལམ་སྟོན་གྱི་སྟེང་དུ་དུས་ཚོད་མང་པོ་གཏོང་དགོས། ཁྱད་ལྡན་འཛུགས་གཉེར་གྱི་སྟེང་དུ་ནུས་ཤུགས་གང་ཡོད་འདོན་དགོས། བརྗོད་སྙིང་གཙོ་བོ་དར་སྤེལ་གང་ལེགས་གཏོང་བ་དང་། རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་ངོས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་དང་བགྲོ་གླེང་གི་མཁའ་དབུགས་ལེགས་པོ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།
གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལོ་འཁོར་བྱ་བའི་སྙན་ཞུར་ཉན། གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཏང་ཨུའི་འགྱུར་མེད་མགོ་ཁྲིད་འོག་ཏུ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་ཉར་ནས། རང་རྟོགས་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་སྣེ་ཁྲིད་པའི་གནས་བབ་ལ་རུང་བསྟུན་བྱས་ཏེ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སྙེག་པའི་ལས་དོན་གྱི་སྤྱིའི་སྙིང་པོ་རྒྱུན་འཁྱོངས་བྱས་པར་མ་ཟད། འཕེལ་རྒྱས་འདུ་ཤེས་གསར་བ་དངོས་འབེབས་དོན་འཁྱོལ་བྱས་མཐར། ལས་དོན་ཁག་སོ་སོར་གྲུབ་འབྲས་གསར་བ་བླངས་ཡོད། ད་ལོའི་བྱ་བ་བཟང་བོར་སྒྲུབ་པ་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཚུལ་བསྒྱུར་བཞི་མངོན་དུ་འགྱུར་བ་དཀྱིལ་སྙིང་དུ་བཟུང་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ཟབ་འཁྱོལ་ཡོང་བར་ཤུགས་བཏོན་པར་མ་ཟད། ལྗང་མདོག་འཕེལ་རྒྱས་དང་གསར་གཏོད་སྒུལ་སྤེལ། ཞན་ཆ་གསབ་པ། དམངས་ཚིས་ལེགས་བཅོས་དང་འགན་སྲུང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཅན་དུ་གཏོང་བ་བཅས་ལ་སྟོབས་ཤུགས་གང་ཡོད་བཏོན་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འགན་ལེན་ཁག་ཐེག་བྱས་ཟེར།
ཚོགས་ཐོག་ནས«སྲིད་གཞུང་བྱ་བའི་སྙན་ཞུ»དང་། «མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ»། «མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ»བཅས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཀྱི་གྲོས་ཚོགས་ཐེངས་དྲུག་པར་དཔྱད་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་ཉིས་སྟོང་བཅུ་དྲུག་ལོའི་དམངས་ཚིས་དོན་དངོས་བཅུ་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་། ཉིས་སྟོང་བཅུ་བདུན་ལོའི་བཀོད་སྒྲིག་བསམ་འཆར་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ། དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱ་བ་ལས་རིམ་ཡོངས་ཀྱི་གཙོ་གནད་དུ་བཟུང་ནས། ལོ་མགོར་གཏན་འབེབས་བཟོས་པའི་དམངས་ཚིས་དོན་དངོས་བཅུ་ཡོངས་འགྲུབ་བྱས་ཡོད་ཟེར།
གྲོས་ཚོགས་ལས«ཞིང་ཕྱུགས་ལས་རིགས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མཐོར་འདེགས་སུ་བཏང་ནས་མཐོ་སྒང་གི་ཁྱད་ལྡན་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་ནི། བྱ་བའི་གནད་སར་བརྩིས་ཏེ། ཞིང་ཕྱུགས་ལས་དོན་གྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་བའི་སྲིད་ཇུས་གཏན་འབེབས་དང་། བྱ་བའི་བཀོད་སྒྲིག ནོར་སྲིད་གཏོང་ཤུགས་ཆེར་བསྐྱེད་པ། ལས་བྱེད་པ་བསྐོ་འཇོག་སོགས་ཀྱི་ལས་དོན་ཡོངས་ཀྱི་ཁྲོད་དངོས་འབེབས་བྱས་ཏེ། «བསམ་འཆར»དངོས་འབེབས་དོན་འཁྱོལ་བྱས་ནས་ཕན་འབྲས་ལེན་དགོས་ཟེར། གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འཛུགས་སྐྲུན་བྱ་བའི་ཉིས་སྟོང་བཅུ་བདུན་ལོའི་དོན་དངོས་བརྒྱད་ཀྱི་བཟོ་སྐྲུན་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྤེལ་བའི། མཉམ་འབྲེལ་བཞི་དང་བསྒྲུབ་དགོས་པ་བཞི་བརྗོད་སྙིང་ཡིན་པའི་ལས་བྱེད་པ་ཁྲི་སྟོང་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་བཀོད་སྒྲིག་གང་ལེགས་བྱས།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།