ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
2017.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བར་ཨུ་ཡོན་སུམ་བརྒྱ་དང་གྱ་བདུན་ཞུགས་དགོས་ལ། ཨུ་ཡོན་སུམ་བརྒྱ་དང་དྲུག་ཚོགས་ཐོག་ཏུ་འབྱོར་བས། གཏན་ཁེལ་གྱི་མི་གྲངས་དང་མཐུན།

དུས་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་མགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་ལོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡུད་ཡོད། ཝང་ཞའོ་ཆིན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཝང་གོ་ཧྲིན་དང་ཝང་ཅན་ཅོན། པད་མ། སངས་རྒྱས་སྐྱབས། རྡོ་རྗེ་རབ་བརྟན། ཀྲང་ཀོང་རུང་། མཱ་ཧྲུན་ཆིན། ཝང་ཞའོ། མགོན་པོ་བཀྲ་ཤིས། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་དེ། ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས།

ཚོགས་ཆེན་སྟེང་ཐོག་མར་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་ལ་གྲོས་འཆམ་བྱུང་། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་ཞིབ་བྱེད་རྒྱུ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་ཞིབ་བྱེད་རྒྱུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པར་ཟུར་ཞུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་འབྲེལ་ཡོད་སྙན་ཞུ་གཞན་དག་ལ་ཉན་པ་མ་ཟད་གྲོས་སྡུར་བྱེད་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་རྒྱུ། འདེམ་བསྐོ་བྱེད་རྒྱུ་བཅས་རེད།

རིན་ཆེན་རྒྱལ་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཏོན་ནས། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་པ་དང་། མི་དམངས་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་སྔར་ལས་བཟང་པོ་བྱེད་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་པ་རེད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏིན་ཞའོ་ཕེན་གྱི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་རིགས་ལམ་གསར་བ། འཐབ་ཇུས་གསར་བ་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ལ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱས་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་དོན་ཆེན་ལ་དམ་དུ་དམིགས་ནས་སྲིད་གླེང་ཇུས་འབུལ་དང་། མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་དམིགས་ནས་སེམས་ཤུགས་གཅིག་སྒྲིལ། དམངས་ཚིས་ལེགས་བཅོས་ལ་དམིགས་ནས་ཧུར་བརྩོན་ལས་སྒྲུབ་བཅས་བྱས་ལ། བཅོས་སྒྱུར་དང་གསར་སྐྲུན་ཐད་རང་སྟེང་གི་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཏེ། མི་དམངས་སྲིད་གྲོས་བྱ་བར་གྲུབ་འབྲས་གསར་བ་བླངས་ནས། ཞིང་ཆེན་ཡོངས་ཀྱི་ལས་དོན་སྣ་ཚོགས་གོང་འཕེལ་དུ་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་བཏོན་ཡོད་ཟེར།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ལོ་གཅིག་གི་རིང་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཁྱད་སྟོབས་ཧུར་ཐག་གིས་འདོན་སྤེལ་དང་དངོས་འབེབས་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་དང་། རྒྱུན་འཛིན་གྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁྲོད་ནས་གསར་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་སྒོས་འགན་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་སུ་བཏང་བ་དང་། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་ཧུར་ཐག་གིས་སྐྲུན་ལ། ལམ་ལུགས་འཛུགས་སྐྲུན་ལ་ཧུར་ཐག་གིས་ཤུགས་བསྣན་པ་དང་། ཨུ་ཡོན་གྱི་ནུས་པ་གཙོ་བོ་ཧུར་ཐག་གིས་བཏོན། ལག་ལེན་གཙིགས་སུ་བཟུང་བ་བརྒྱུད། གྲོས་མོལ་གྱི་རྣམ་པ་སྣ་ཚོགས་མཉམ་དུ་སྦྲེལ་ཏེ། ཁྱབ་ཁོངས་ཡངས་པ་དང་རིམ་པ་མང་བ། རྒྱུན་རྣམ་ཅན་བཅས་ཀྱི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྲིད་གྲོས་གྲོས་མོལ་གྱི་རྣམ་པ་ཞིག་ཐོག་མར་ཆགས་ནས། གྲོས་མོལ་དམངས་གཙོ་དེ་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་དོན་ཆེན་མཉམ་འདྲེས་ཟབ་མོ་ཡོང་བར་ཡར་སྐུལ་བྱས་ཟེར།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོར། ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏིན་ཞའོ་ཕེན་གྱི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། མི་དམངས་སྲིད་གྲོས་སུ་ཞུགས་པའི་ཏང་ཁག་དང་ཚོགས་པ་སོ་སོ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་སྐུལ་སློང་དང་རྩ་འཛུགས་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ཁོང་དུ་ཆུད་པར་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུས་བཏོན་པའི་འགྱུར་ལྡོག་བཞིའི་མཚོ་སྔོན་གྱི་སྲིད་དོན་སྐྱོང་བའི་བྱ་བའི་བསམ་ཕྱོགས་ལ་དམ་དུ་དམིགས་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ། ཁུལ་གསུམ་འཛུགས་སྐྲུན་བསྟུད་མར་སྤེལ་བ་བཅས་ཀྱི་ཁྲོད་དུ་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་དངོས་སུ་ལག་བསྟར་བྱེད་པ་དང་། འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྡུད། བློ་འདོན་ཇུས་འབུལ། ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོས་མོལ་དམངས་གཙོ་དེ་ཁྱབ་རྒྱ་ཆེ་ཞིང་རིམ་པ་མང་བའི་ལམ་ལུགས་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན་ཟེར། 

རིན་ཆེན་རྒྱལ་གྱིས་སྙན་ཞུའི་ནང་དུ་ད་ལོའི་བྱ་བ་གཙོ་བོ་ལྔ་བསྟན། གཅིག རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། གཉིས། རྒྱུན་འཁྱོངས་ལྷོད་མེད་སྒོས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་དགོས། གསུམ། སྒྲིག་ཡིག་ལྟར་དུ་དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་ལག་བསྟར་གང་ལེགས་བྱེད་དགོས། བཞི། རྒྱུན་འཁྱོངས་ལྷོད་མེད་སྒོས་མཐུན་སྒྲིལ་འཆམ་མཐུན་ལ་ཡར་སྐུལ་བྱེད་དགོས། ལྔ། རྒྱུན་འཁྱོངས་ལྷོད་མེད་སྒོས་རང་སྟེང་གི་འཛུགས་སྐྲུན་དམ་འཛིན་བཟང་པོ་བྱེད་དགོས་ཟེར།

ལོ་ཁྲའོ་དབྱང་གིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་བསྡོམས་པས་གྲོས་གཞི་བཞི་བརྒྱ་དང་བཅུ་བཏོན། ཞིབ་བཤེར་བྱས་པ་བརྒྱུད་དེ་གྲོས་གཞི་སུམ་བརྒྱ་དང་ཉེར་གསུམ་བསྒྲུབ་རྒྱུའི་ཐག་བཅད་ལ། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ། གྲོས་གཞི་ཡོངས་རྫོགས་བསྒྲུབས་ནས་ཚར་ཟེར། 

མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཁོང་ཡུང་། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། ལིས་ཉིན། དབྱང་ཞུང་ཨེ། ལུའུ་ཀོང་ཡུང་། ཚོས་ཁྲང་དབྱིན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།