མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པ་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་རེ་གསུམ་ཚོགས་ཐོག་ཏུ་འབྱོར་བས། བཅའ་ཁྲིམས་ཀྱི་གཏན་ཁེལ་མི་གྲངས་དང་མཐུན།
སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་མགོ་བརྩམས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་གོ་ཧྲིན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཉིན་དེའི་ཚོགས་ཆེན་ལ་གྲོས་རིམ་གསུམ་ཡོད་དེ། གཅིག ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྒྱུ་དང་། གཉིས། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་བྱེད་རྒྱུ། གསུམ། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་བྱེད་རྒྱུ་བཅས་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཝང་ཅན་ཅོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ཁག་གསུམ་དུ་བགོས་ཡོད་དེ། གཅིག ཉིས་སྟོང་བཅུ་དྲུག་ལོའི་བྱ་བར་ཕྱིར་ལྟ་བྱེད་པ་དང་། གཉིས། ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་སྤྱིའི་བཀོད་སྒྲིག གསུམ། དམ་འཛིན་བཟང་པོ་བྱེད་དགོས་པའི་བྱ་བའི་ལས་འགན་གཙོ་བོ་བཅས་རེད།
ཝང་ཅན་ཅོན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོ་ནི་མཚོ་སྔོན་ལ་མཚོན་ནས་བཤད་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ནས་བྱ་བར་མཛུབ་སྟོན་གནང་བ་དེས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་པ་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བརྩེ་བའི་ཐུགས་ཁུར་གནང་བཞིན་པ་མཚོན་ཡོད། ལོ་གཅིག་གི་རིང་ལ། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དམ་དུ་བརྟེན་ནས། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་སྣ་ཚོགས་གཟབ་ནན་སྒོས་སྤེལ་བ་དང་། དཔལ་འབྱོར་གྲུབ་ཚུལ་བསྟུད་མར་ལེགས་སྒྱུར་བྱས་ལ། རྨང་གཞིའི་སྒྲིག་ཆས་ཐད་བསྟུད་མར་ཤུགས་བསྣན་པ་དང་། མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་བསྟུད་མར་མཐོར་འདེགས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་བཏང་བ་དང་། བཅོས་སྒྱུར་སྒོ་འབྱེད་བསྟུད་མར་ཟབ་སྤེལ་བྱས་ལ། དམངས་ཚིས་བདེ་སྐྱིད་བསྟུད་མར་ཇེ་ཆེར་བཏང་བས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིར་བཏང་གིས་བརྟན་བརླིང་ཡིན་པ་དང་། བརྟན་བརླིང་ཁྲོད་ནས་གོང་འཕེལ་བྱུང་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་པོ་ཞིག་བརྩམས། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དམ་བཅས་པའི་དམངས་ཚིས་དོན་དངོས་བཅུ་པོ་ཚང་མ་ལག་བསྟར་བྱས་ཏེ། མཁར་གྲོང་གི་གཞི་རྩའི་རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་སོགས་དམངས་ཚིས་ཀྱི་ཚད་གཞི་སྣ་བཅུ་གསུམ་ལེགས་སྒྲིག་བྱེད་པའི་ལས་འགན་ཡོངས་སུ་འགྲུབ། སྲིད་གཞུང་གི་ཁྲིམས་སྐྱོང་འཛུགས་སྐྲུན་དང་། ལས་ཁུངས་ཀྱི་ཕན་ནུས་དང་ནུས་པའི་འཛུགས་སྐྲུན་ཐད་གོང་འཕེལ་གསར་བ་བླངས་ཟེར།
ཝང་ཅན་ཅོན་གྱིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་རྩ་བ་ཚུགས་པར་བྱེད་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གནད་འགག་གི་ལོ་ཞིག་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་བྱ་བར་གནང་བའི་མངགས་བཅོལ་ནན་མོ་ཡིད་ལ་དམ་པོར་བཅངས་ནས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་རྩ་བ་ཚུགས་པར་བྱེད་པ་དང་། འགྱུར་ལྡོག་བཞི་ཧུར་ཐག་གིས་མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་སྐྲུན་དགོས་ཟེར།
ཝང་ཅན་ཅོན་གྱིས་བསྟན་དོན། ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ་དང་དེར་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་པ་དང་ལག་བསྟར་དངོས་འབེབས་བྱེད་པ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྙིང་པོ་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་དམ་དུ་དམིགས་པ། སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་ཁུལ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་བཅས་བསྟུད་མར་འཛུགས་སྐྲུན་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཧུར་ཐག་གིས་ཟབ་སྤེལ་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། གསར་སྐྲུན་གྱི་སྐུལ་ཁྲིད་ཧུར་ཐག་གིས་ཟབ་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་ཞན་ས་ཧུར་ཐག་གིས་ཁ་གསབ་བྱེད་པ། དམངས་ཚིས་ལ་ཧུར་ཐག་གིས་འགན་སྲུང་དང་ལེགས་བཅོས་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཧུར་ཐག་གིས་གཟབ་ནན་དུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་འབྱོར་ཕྱུག་དཔལ་འབྱོར་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཕན་འབྲས་གསར་བ་བླངས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་དེ་ཡིན་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་དོ་མཉམ་ས་ཁོང་དུ་ཆུད་པར་བྱས་ཏེ། བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། བརྟན་འཇགས་ལ་བརྟེན་ནས་འགན་སྲུང་འདོན་སྤྲོད་བྱེད་པ་བཅས་བྱས་ནས། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་རང་འགུལ་དབང་ཆ་དམ་དུ་འཛིན་དགོས། དམངས་ཚིས་དམངས་སེམས་དམངས་ཤུགས་ཀྱི་མཉམ་དུ་འདྲེས་ས་ཁོང་དུ་ཆུད་པར་བྱས་ཏེ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་སྒོས་དམངས་ཚིས་ལ་དོ་སྣང་བྱེད་པ་དང་དམངས་སེམས་ལ་བསྟུན་པ། དམངས་ཤུགས་མཚོན་པ་བཅས་བྱེད་དགོས། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་གནད་འགག་གི་གཞི་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་མཉམ་འགུལ་ལ་སྐུལ་འདེད་ཆེན་པོ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་མཉམ་འགུལ་ཕན་ནུས་མཐོར་འདེགས་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ལེགས་བཅོས་བཅས་ཀྱི་ལག་ལེན་ཁྲོད་ནས་འབད་བརྩོན་ཆེན་པོས་མཚོ་སྔོན་ལྗང་མདོག་དར་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པར་འཚོལ་ཞིབ་བྱེད་དགོས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ད་ལོའི་སྲིད་གཞུང་བྱ་བའི་ཐད་ནས་ཁྱོན་ཡོངས་ལ་ལྟ་བ་དང་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱས་ཏེ་ཕྱོགས་བདུན་གྱི་བྱ་བ་གཙོ་བོར་བཟུང་སྟེ་བཟང་པོར་བསྒྲུབ་དགོས། གཅིག་ནི་བཅོས་སྒྱུར་གསར་སྐྲུན་ལ་སྔར་ལས་སྐུལ་སྤེལ་བྱས་ཏེ། སྒྲིག་སྲོལ་རྐྱེན་སྲོལ་ལ་སྔར་ལས་གསོན་ཤུགས་ལྡན་པར་ཡར་སྐུལ་བྱེད་དགོས། གཉིས་ནི་ལས་གཞིའི་དངུལ་གཏོང་སྔར་ལས་རྒྱ་བསྐྱེད་ནས་རྒྱབ་རྟེན་དང་འགན་སྲུང་སྔར་ལས་སྟོབས་དང་ལྡན་པར་ཡར་སྐུལ་བྱེད་དགོས། གསུམ་ནི་སྐྱེ་ཁམས་དཔལ་ཡོན་ལ་སྔར་ལས་ཤུགས་བསྣན་ནས་ལྗང་མདོག་འཕེལ་རྒྱས་སྔར་ལས་གཟབ་ནན་དང་ནུས་ལྡན་ཡིན་པར་ཡར་སྐུལ་བྱེད་དགོས། བཞི་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཁོངས་ལ་སྔར་ལས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་ཁུལ་ཁོངས་ཡོངས་ནས་མཚོ་སྔོན་གྱི་སྤྱིའི་ནུས་པ་སྔར་ལས་མཐུན་སྦྱོར་དུ་གཏོང་བར་ཡར་སྐུལ་བྱེད་དགོས། ལྔ་ནི་དམངས་ཚིས་ལ་སྔར་ལས་འགན་སྲུང་དང་ལེགས་བཅོས་བྱས་ཏེ་སྤྱི་ཚོགས་སྔར་ལས་འཆམ་མཐུན་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་དགོས། དྲུག་ནི་ཕྱི་ནང་མཉམ་འགུལ་སྔར་ལས་ཇེ་དྲག་ཏུ་བཏང་ནས་སྒོ་འབྱེད་མཉམ་ལས་ལ་སྔར་ལས་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པར་ཡར་སྐུལ་བྱེད་དགོས། བདུན་ནི་རང་སྟེང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས་སྲིད་གཞུང་གི་བྱ་བ་སྔར་ལས་དྲང་གཞག་དངོས་གཉེར་ནུས་ལྡན་ཡོང་བར་ཡར་སྐུལ་བྱེད་དགོས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ད་ལོའི་སྲིད་གཞུང་བྱ་བ་བཟང་པོར་སྒྲུབ་པར་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ། སྔར་ལས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། སྔར་ལས་དངོས་འཛིན་བདེན་སྒྲུབ་བྱེད་པ། སྔར་ལས་ཡར་བརྩོན་ལྷོད་མེད་བྱེད་པ་བཅས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།
ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་ནོར་སྲིད་སྔོན་རྩིས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དཔར་ནས་བཀྲམ་སྟེ་འཐུས་མི་རྣམས་ལ་ཞིབ་བཤེར་བྱེད་དུ་བཅུག
པད་མ་དང་རིན་ཆེན་རྒྱལ། རྡོ་རྗེ་རབ་བརྟན། ཀྲང་ཀོང་རུང་། མཱ་ཧྲུན་ཆིན། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ལིས་ཉིན། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཁོང་ཡུང་། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། ཝང་ཞའོ་ཆིན། ལོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲུག་ཁྲིན། ཅི་རིན་ཧྥིན། ངག་དབང་བསོད་ནམས། ཏུང་ཁའེ་ཅོན། དབྱང་ཞུང་ཨེ། ལུའུ་ཀོང་ཡུང་བཅས་བློ་མཐུན་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
བློ་མཐུན་རྒན་པ་མཱ་ཧྥུའུ་ཧེ་དང་སངས་རྒྱས། ཀོ་རུའུ་ཀྲོ། ལིག་ཁྲུན་ཡའོ་བཅས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཨུ་ཡོན་ཚང་མ་ཚོགས་ཆེན་ལ་ཟུར་ཞུགས་བྱས།