ཝང་གོ་ཧྲིན་ཟི་ལིང་དང་མགོ་ལོག ཡུས་ཧྲུའུ་བཅས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། དམིགས་འབེན་དང་འགན་འཁྲིའི་སྟེང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། དོན་དག་གཅིག་རེ་གཅིག་རེ་བྱས་ནས་དངོས་འབེབས་བྱ་བ་དམ་པོར་འཛི
2017.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་སྔ་གཞུག་ཏུ་ཟི་ལིང་དང་མགོ་ལོག ཡུས་ཧྲུའུ་བཅས་ཀྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་དུ། ཝང་ཞའོ་དང་པའོ་ཧྲིན་ལེན། ཞུའུ་ཀའོ་ཁྲིན། ལིག་ཧའོ་ཉན། ལུའུ་ཧུང་ཡུན། མཱ་ཅིན་སོགས་འཐུས་མི་རྣམས་ཀྱིས«སྲིད་གཞུང་བྱ་བའི་སྙན་ཞུ» དཀྱིལ་སྙིང་དུ་བཟུང་ནས། འགྱུར་ལྡོག་བཞིའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་ལ་བསྟར་བ་དང་། དམངས་ཚིས་ལེགས་བཅོས་དང་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་བྱེད་པ། མཁར་གྲོང་ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་བཅོས་བྱེད་པ། ཐོན་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་བྱེད་པ། མཁར་གྲོང་གི་ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་བཅོས་བྱེད་པ། ཐོན་ལས་ལ་ཚུལ་བསྒྱུར་རིམ་སྤོར་བྱེད་པ། གྲོང་ཁྱེར་གྱི་འཆར་འགོད་དོ་དམ་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ། གཞིས་ཁུལ་གྱི་བྱེད་ནུས་སྔར་ལས་འདོན་སྤེལ་བྱེད་པ་སོགས་ཀྱི་ཐད་ནས་གཏམ་བཤད། ཞིང་བའི་འཐུས་མི་པའོ་ཧྲིན་ལེན་གྱིས་ཕ་ཡུལ་གྱི་འགྱུར་ལྡོག་དང་སྦྲེལ་ནས་ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་སྡེ་དམངས་ལ་ཕན་བདེ་བསྐྲུན་པའི་སྐོར་ནས་སེམས་གཏམ་གླེང་བ་དང་། ཝང་གོ་ཧྲིན་གྱིས་སྙིང་ཉེ་བའི་ངང་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་བྱེད་པའི་ཐད་ནས་ཁོ་མོར་སྐད་ཆ་དྲིས།

ཝང་གོ་ཧྲིན་གྱིས་ཚང་མའི་སྐད་ཆར་ཉན་རྗེས། འདས་པའི་ལོ་གཅིག་གི་རིང་ལ་ཟི་ལིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་ནན་གྱིས་བསྟན་དོན། ད་ལོའི་བྱ་བ་བཟང་བོར་བསྒྲུབས་པ་ལ་ཅིས་ཀྱང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། ཧུར་བརྩོན་ཆེན་པོས་ཟི་ལིང་གི་འཕེལ་རྒྱས་ལས་དོན་རྒྱལ་ཁབ་འཐབ་ཇུས་དང་འདྲེས་པར་བྱེད་པའི་ལམ་བུ་འཚོལ་བ། ཟི་ལིང་ལས་བརྒལ་བའི་ངོས་ནས་ཕྱིར་ཟི་ལིང་ལ་བལྟ་བ་བཅས་བྱས་ཏེ། འགྱུར་ལྡོག་བཞིའི་འཕེལ་རྒྱས་བསམ་ཕྱོགས་དངོས་འབེབས་གཏིང་ཟབ་བྱེད་དགོས་ཟེར།

མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་དུ། ཝུའུ་ཡུས་ཀྲང་དང་པད་རྒྱལ་བཀྲ་ཤིས། བསོད་ནམས་སྟོབས་སོགས་འཐུས་མི་རྣམས་ཀྱིས་གཞི་འཛིན་རྒྱུའི་ཡོད་པའི་གྲངས་ཀ་རེ་རེ་དང་དོན་དངོས་རེ་རེ་རྒྱབ་དཔུང་དུ་དྲངས་ནས། འདས་པའི་ལོ་གཅིག་རིང་གི་མགོ་ལོག་གི་འགྱུར་ལྡོག་ཞིབ་བརྗོད་བྱས་པར་མ་ཟད། མ་འོངས་པའི་འཕེལ་རྒྱས་སྐོར་གྱི་འཆར་གཞི་ལྷུག་པོར་བཤད། ཝང་གོ་ཧྲིན་གྱིས་སྐད་ཆའི་བར་གསེབ་ནས། གཞི་རིམ་ནས་ཡོང་བའི་འཐུས་མི་ལ། སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར། གཞི་རིམ་རྨང་གཞི། ས་ནག་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་སྐོར་ནས་སྐད་ཆ་དྲིས་པར་མ་ཟད། འཐུས་མི་རྣམས་དང་ལྷན་དུ་མགོ་ལོག་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་སྐོར་ནས་གྲོས་སྡུར་ཞིབ་གསལ་བྱས།

ཝང་གོ་ཧྲིན་གྱིས་མགོ་ལོག་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་དགོས་པའི་འདུ་ཤེས་ཡིད་ལ་བརྟན་པོར་ཉར་ནས། ཧྲང་ཧེ་ཡི་ཁ་གཏད་རོགས་སྐྱོར་བྱ་བ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ཞིང་ཆེན་གྱིས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་ཅན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་གོ་སྐབས་དམ་འཛིན་བཅས་བྱས་ཏེ། སྙིང་སྟོབས་ཀྱི་ཁུར་འདེགས་ཆེན་པོ་ཞིག་གི་ངོས་ནས། ཀྲུང་དབྱང་གི་ཇུས་ཆོད་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་ལེན་དངོས་ཀྱི་ཁྲོད་ནས་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

ཡུས་ཧྲུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་གི་གྲོས་སྡུར་མཁའ་དབུགས་འཁྲུག་ཆ་དོད་ཅིང་། བསམ་ཚུལ་ལྷུག་པོར་བརྗོད་བྱས། ཝུའུ་ཏི་ཅོན་དང་ཧྲི་ཚོན་ཝུའུ་སོགས་འཐུས་མི་རྣམས་ཀྱིས་ཡུས་ཧྲུའུ་ཡི་ད་ཡོད་གནས་ཚུལ་དངོས་ལ་རྐང་བཙུགས་ནས། མཚོ་སྔོན་གྱི་མཁའ་འགྲུལ་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ས་གནས་ཀྱི་ནད་རིགས་འགོག་བཅོས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། དགོན་སྡེའི་གྲྭ་བཙུན་གྱི་སློབ་གསོ་སོགས་ཀྱི་ཐད་གཏམ་བཤད་བྱས། ཝང་གོ་ཧྲིན་གྱིས་ཡུས་ཧྲུའུ་ཁུལ་གྱིས་ཞིང་སྡེ་ལས་བྱེད་པ་སྟོང་ལྷག་གསོ་སྐྱོང་བྱེད་འཆར་ཡོད་པའི་ཞིབ་ཕྲའི་བྱེད་ཐབས་སྐོར་ནས་སྐད་ཆ་དྲིས་རྗེས། གཞི་གསུམ་བྱ་བ་བཟུང་བ་གནད་དུ་འཁེལ་བའི་སྐོར་ནས་བསྟོད་བསྔགས་བྱས།

ཝང་གོ་ཧྲིན་གྱིས་འདས་པའི་ལོ་གཅིག་རིང་གི་ཡུས་ཧྲུའུ་ཁུལ་གྱི་བྱ་བར་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། ཡུས་ཧྲུའུ་ཁུལ་གྱིས་སྲིད་ཇུས་དང་བཅོས་སྒྱུར་གོ་སྐབས་དམ་འཛིན་བྱས་ཏེ། སྤོབས་པ་ཆེན་པོའི་ངང་སྒྲིག་སྲོལ་ལམ་ལུགས་གསར་གཏོད་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་ཕྱི་ཕྱོགས་སྒོ་འབྱེད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད། རང་རྟོགས་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་སིམ་འདྲེས་ཡོང་བར་འབད་དེ། ཧུར་བརྩོན་ཆེན་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ནས། བར་མ་ཆད་པའི་ངང་ཨ་ཆེན་གངས་རྒྱབ་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་འབུལ་བའི་བྱ་བ་དང་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་ཟམ་མ་ཆད་པའི་ངང་ཡར་ལྡན་དུ་སྤེལ་མཐར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྱི་འགན་འཁྲི་གཙོ་བོ་ཕྲག་སྟེང་དུ་བླངས་ནས་དངོས་འབེབས་དོན་འཁྱོལ་བྱས་ཡོད་ཟེར།