ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། པུའུ་ཀྲང་ལིས་ཞའོ་ཕིན་མཚོ་སྔོན་ཏུ་ཡོང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་འཕེལ་རྒྱས་དང་འགྲིམ་འགྲུལ་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་ལིས་ཞའོ་ཕིན་དང་མཉམ་དུ། མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་བཅོས་སྒྱུར་འཕེལ་རྒྱས་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ལིས་ཞའོ་ཕིན་གྱིས་ནན་གྱིས་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱིས་ངེས་པར་དུ་བློ་ཐག་རྦད་ཆོད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ། སེམས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་མི་དམངས་ལ་ཞབས་འདེགས་དང་སྤྱི་ཡོངས་ལ་ཞབས་ཞུ། གཞི་རིམ་ལ་ཞབས་ཞུ་བཅས་ཀྱི་ཞབས་ཞུ་གསུམ་གྱི་འོས་འགན་བཟང་བོར་བསྒྲུབས་ནས། པུའུ་དང་ཞིང་ཆེན་གཉིས་ཀྱིས་མཉམ་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་ཤུགས་བསྣན་མཐར། མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ།
ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ལིས་ཞའོ་ཕིན་གྱི་སྔ་གཞུག་ཏུ་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་དང་ཟི་ལིང་མེ་འཁོར་ས་ཚིགས་ལ་སོང་ནས། ཡུལ་དངོས་ནས་དཔྱིད་ལུགས་ལོ་སར་གྱི་སྐྱེལ་འདྲེན་རྩ་འཛུགས་དང་བདེ་འཇགས་འགན་སྲུང་སོགས་ཀྱི་བྱ་བར་མཛུབ་སྟོན་ཞིབ་བཤེར་བྱས། ལྕགས་ལམ་དང་གཞུང་ལམ་སྐྱེལ་འདྲེན་ལས་རྐང་ན་ཡོད་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཕར་འགྲོ་ཚུར་འོང་རྒྱུ་བ་རྒོད་པའི་འགྲུལ་བ་རྣམས་དང་ལྷན་དུ་ཁ་བརྡ་བྱས། ལིས་ཞའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་ལམ་གྱི་དྲ་རྒྱའི་འཁོར་རྒྱུག་ལྟ་ཞིབ་དང་མཁོ་བསྟུན་ཐག་གཅོད་ལྟེ་གནས་ནས། མཚོ་སྔོན་ལམ་གྱི་དྲ་རྒྱའི་འཁོར་རྒྱུག་ཞབས་ཞུ་འགན་སྲུང་དང་གཞུང་ལམ་ཉེན་རྟོག་པའི་མཉམ་སྒུལ་མཁོ་བསྟུན་ཐག་གཅོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ལ་རྟོག་ཞིབ་བྱེད་སྐབས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས། པུའུ་དང་ཞིང་ཆེན་གྱི་མཉམ་ལས་བཞུགས་མོལ་ཚོགས་འདུ་དང་། ལིག་ཕན་རི་བོའི་འདབས་འབྲེལ་གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་པུའུ་དང་ཞིང་ཆེན་གྱི་མཐུན་སྦྱོར་ཡར་སྐུལ་གྲོས་ཚོགས་གཉིས་བསྟུད་མུར་བསྡུས། ལིས་ཞའོ་ཕིན་གྱིས་སྔ་གཞུག་ཏུ་ཞིང་ཆེན་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་གནས་ཚུལ་སྙན་ཞུར་ཉན་རྗེས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་མཚོ་བོད་ལྕགས་ལམ་ཀུང་ཟི། མཚོ་སྔོན་གནམ་གྲུ་འབབ་ཐང་ཀུང་ཟི་སོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ལིག་ཕན་རི་བོའི་འདབས་འབྲེལ་གྱི་ལས་འཁུར་ལས་བྱེད་པ་བཅས་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།
ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་རྟོག་ཞིབ་བྱེད་རོགས་བྱས།