ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི2016ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧུའུ་ཁྲང་ཧྲིན་གྱིས་གནས་ཚུལ་ཁྱབ་སྒྲོག་བྱས།
ཧུའུ་ཁྲང་ཧྲིན་གྱིས་བསྟན་དོན། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་དང་པོའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས2016ལོའི་དམངས་་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་བརྗོད་སྙིང་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོའི་རེ་བ་བཅས་ལ་དམིགས་ནས། གཙོ་བོར་གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་དང་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་གཉིས་དང་ཞིབ་བསྡུར་བྱེད་པ་དང་། ཚན་ཁག་དང་མི་སྒེར་གྱི་གནས་ཚུལ་དངོས་དང་འབྲེལ་འདྲིས་བྱེད་པ། འབུར་ཐོན་གནད་དོན་འཚོལ་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། རང་སྟེང་གི་གནད་དོན་འཚོལ་བ་དང་ཐག་གཅོད་པའི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ་། སྟོབས་ཤུགས་ཡོད་རྒུས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།
ཧུའུ་ཁྲང་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་ཐེངས་འདིའི་གྲོས་ཚོགས་བཟང་བོ་བསྡུ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་དེ། གྲོས་ཚོགས་མ་འཚོག་པའི་སྔོན་དུ། རྒྱུན་ལས་ཨུ་ཡོན་བློ་མཐུན་ཚོས་ཏང་གི་སྒྲིག་ཡིག་དང་ཚད་གཞི། སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སློབ་སྦྱོང་བྱས་པ་དང་། གནས་བབ་གསར་བའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་པ་དང་གཟབ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན། ལག་ལེན་རེ་བ་དང་བྱེད་ཐབས་གལ་ཆེན་ལ་བསམ་གཞིགས་ཞིབ་མོ་བཏང་སྟེ། དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་ཏང་ཡོན་མགོ་ཁྲིད་པས་གཟབ་ནན་གསུམ་དོན་དོམ་གསུམ་ལག་བསྟར་བྱེད་པའི་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། རེ་བ་གསར་བར་ངོས་འཛིན་གཏིང་ཟབ་བྱས་པ་དང་། ཏང་གི་སྲོལ་ཡིག་དང་གསར་དུ་འགྲེམ་སྤེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རུང་གཅུན་གྱི་ཚད་གཞི་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་སོགས་ཁྲིམས་སྲོལ་ལམ་ལུགས་ལ་སློབ་སྦྱོང་བྱས། ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་རྒྱུན་ལས་ཨུ་ཡོན་སོ་སོ་བར་དང་། རྒྱུན་ལས་ཨུ་ཡོན་སོ་སོའིབར། རྒྱུན་ལས་ཨུ་ཡོན་དང་ཆེད་བསྐོས་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་བར་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཞིབ་བསྡུར་ཞིབ་བཤེར་ཡིག་ཆའི་མ་ཟིན་བཀོད་པ་དང་། རྒྱུན་ལས་ཨུ་ཡོན་སོ་སོས་རང་ཉིད་ཀྱི་ཏང་གཤིས་དབྱེ་ཞིབ་ཡིག་ཆ་བྲིས་ནས། གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཟེར།
གྲོས་ཚོགས་སྐབས་སུ། རྒྱུན་ལས་ཨུ་ཡོན་ཚོས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་པ་དང་། ཚན་ཁག་དང་མི་སྒེར་གྱི་བསམ་བློ་དངོས་ལ་འབྲེལ་འདྲིས་བྱེད་པ། ཆབ་སྲིད་དང་སྒྲིག་ལམ་ལག་བསྟར་བྱེད་པ། ཀུན་སྤྱོད། ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐད་ནས་ཚད་གཞི་དང་མཐུན་པར་བྱེད་པ། ཕུགས་སེམས་རེ་འདུན་དང་ཆབ་སྲིད་སྒྲིག་ལམ། སྤྱོད་ཚུལ། ཁག་ཁུར། རྩ་འཛུགས་འཚོ་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཕྱོགས་ནས་གནད་དོན་ཞིབ་བཤེར་གཏིང་ཟབ་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱེད་པ། ཆབ་སྲིད་གཏན་ཤུགས་དང་ཏང་གིས་མཐོ་རིམ་ལས་བྱེད་པར་བཅངས་པའི་རེ་བ། སྒྲིག་ལམ་དང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་གྱི་རེ་བ་བརྩི་སྲུང་ནན་མོ་བྱེད་པ། འགན་འཁྲི་སོགས་ཕྱོགས་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། འབད་བརྩོན་བྱེད་པའི་ཁ་ཕྱོགས་དང་དག་ཐེར་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ཆེན་རིམ་པ་གཞོན་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་ལ་ཞུགས།