ཟླ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མཁར་ནུབ་ཁུལ་ཞིན་ཧེ་ལམ་སྲང་ལམ་དོན་སྒྲུབ་ཁྲུའུ་རུ་སོང་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། སྡོད་ཁུལ་བྱ་བར་རྟོག་ཞིབ་བྱས།
ཝང་གོ་ཧྲིན་ཞིན་ཧེ་ལམ་སྲང་ལམ་དོན་སྒྲུབ་ཁྲུའུ་ཡི་དྲུག་ཐོག་གི་ཚོམས་ཆེན་ནང་བསྡུ་བཞིན་པའི་མཚོ་སྔོན་ཞིང་ཆེན་འབྲས་སྐྲན་མཐུན་ཚོགས་ཀྱིས་འབྲས་སྐྲན་ལ་ཚོད་འཛིན་དང་འགོག་བཅོས་བྱེད་པའི་ཐད་ཀྱི་དྲིལ་སྒྲོག་བྱ་འགུལ་ཁྲོད་ཞུགས་ནས། སྡོད་ཁུལ་མང་ཚོགས་དང་སྨན་བཅོས་མི་སྣ། ལས་བྱེད་པ་དང་མཉམ་དུ་འཆད་ཁྲིད་ལ་ཉན་པ་དང་མྱོང་ཚོར་གླེང་བ་མ་ཟད། རིག་རྩལ་འཁྲབ་སྟོན་ལ་བལྟས།
དེའི་རྗེས། ཝང་གོ་ཧྲིན་སྲིད་འཛིན་ལས་སྒོ་དང་ལེན་ལྟེ་གནས་སུ་སོང་ནས། ལས་བྱེད་མི་སྣ་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། ཁོ་ཚོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཝང་གོ་ཧྲིན་ད་དུང་ཡིག་རིས་བྱ་འགུལ་ཁང་དང་། ལུས་སྦྱོང་བྲོ་གར་ལྟེ་གནས། ཐག་ཐག་ལྒང་ལི་རྩེད་ས། དཔེ་ཀློག་ཁང་བཅས་སུ་སོང་སྟེ། ལས་བྱེད་པ་དང་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་པ་དང་། དོན་སྒྲུབ་ཁྲུའུ་དང་སྡོད་ཁུལ་གྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།
ཏང་ཡོན་བྱ་འགུལ་ཁང་དུ། ཝང་གོ་ཧྲིན་གྱིས་སློབ་སྦྱོང་ཟིན་བྲིས་དང་ཡིག་ཚགས་རྒྱུ་ཆར་བལྟས་པ་དང་། ལས་བྱེད་པར་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ནས་གསལ་བོར་དྲིས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། སྡོད་ཁུལ་ནི་སྤྱི་ཚོགས་ཀྱི་ཆེས་གཞི་རིམ་གྱི་རྩ་འཛུགས་ཡིན་ལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མདུན་གྲས་ཀྱི་གཡུལ་ས་ཡིན་པས། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ནང་དོན་གཙོ་བོར་རྒྱུས་ལོན་གསལ་བོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བྱ་བ་སྣ་ཚོགས་ཁྲོད་ནས་དོན་འཁྱོལ་བྱེད་དགོས། མང་ཚོགས་བྱ་བ་བཟང་བོར་བསྒྲུབ་པ་དང་། མང་ཚོགས་ཀྱི་རེ་འདོད་ལྟར་བྱ་བ་བསྒྲུབ་པ། མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་པ། དཀའ་གནད་ཐག་གཅོད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞོ་ཡིས་མཉམ་དུ་རྟོག་ཞིབ་བྱས།