ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་བྱ་བར་རྟོག་ཞིབ་བྱས།
2017.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་གཉིས་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཞིང་ཆེན་ཞིང་ཕྱུགས་ཐིན་དུ་སོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགྱུར་ལྡོག་བཞི་ལག་བསྟར་ནན་མོ་བྱེད་པ། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་མྱུར་དུ་སྤེལ་བ། མིག་སྔའི་དཔྱིད་འདེབས་བྱ་བ་བཟང་བོར་བསྒྲུབ་པ་སོགས་ཐད་ནས་རྟོག་ཞིབ་བྱས།

ཝང་གོ་ཧྲིན་ཐོག་མར་ཞིང་ཕྱུགས་འགྲེམ་སྟོན་ཐིན་དུ་སོང་ནས། མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་རྒྱུད་རིམ་དང་གྲུབ་འབྲས་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས། ཞིང་ཕྱུགས་ཐིན་གྱི་ལས་བྱེད་པ་དང་བཞུགས་མོལ་བྱེད་སྐབས། ཀྲང་ཧོང་ཡན་དང་མཱ་ཆིན་ཏི། མཱ་ཐུང་པང་། ཚེ་ཕེ་ཡོན། ཧུའུ་རོས་ཉིན། ཧི་ཧྲི་ལེན་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཝང་གོ་ཧྲིན་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ། ཞིང་ཕྱུགས་ལས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་གནད་དོན་ཐད་ནས་ཚང་མ་དང་བརྗེ་རེས་བྱས།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་བཀོད་སྒྲིག་བྱེད་སྐབས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། རྩ་འཛུགས་ལས་བྱེད་པ་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་བྱེད་རྒྱུ་ནི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དོན་བཟང་ལེགས་པར་བསྒྲུབ་དགོས་པ་ལས། རྣམ་པ་ཙམ་བྱེད་མི་རུང་ཟེར། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ལས་བྱེད་པས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པར་བྱས་རྗེས། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་བརྒྱུད་དེ་སྒྲོག་འགྲེལ་བྱས་ནས། ཏང་གི་དམངས་ཕན་སྲིད་ཇུས་མང་ཚོགས་ལ་བརྒྱུད་སྒྲོག་བྱེད་དགོས། སྒྲོག་འགྲེལ་བྱ་བ་དང་དཔྱིད་ཀའི་རྨོ་འདེབས་བྱ་བར་གྲ་སྒྲིག་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། བརྟན་བརླིང་ངང་དོན་དངོས་འགའ་བསྒྲུབ་དགོས། གཞི་རིམ་དུ་བསྐྱོད་པའི་བློ་མཐུན་ཚོས་མང་ཚོགས་ཀྱི་རེ་འདོད་ཁོང་དུ་ཆུད་པར་བྱེད་པ་དང་། གཞི་རིམ་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ནས། ལག་བསྟར་བྱེད་ཆོག་པའི་བསམ་འཆར་གྲོས་གཞི་འདོན་དགོས་ཟེར།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཁུངས་ཀྱི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་ཐུགས་རེ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྟོག་ཞིབ་གཏིང་ཟབ་དང་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། འགྱུར་ལྡོག་བཞི་ལག་བསྟར་བཟང་བོ་བྱེད་ཆེད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གཏན་འཇགས་སུ་གཏོང་བའི་ཞོར་དུ། རྒྱུན་མ་ཆད་པར་རོང་འབྲོག་དམངས་ཀྱི་ཡོང་སྒོ་ཆུ་ཚད་མཐོར་འདེགས་བྱེད་པ། རྒྱུན་མ་ཆད་པར་རོང་འབྲོག་དམངས་རྩ་འཛུགས་ཅན་དུ་བསྒྱུར་བའི་ཆུ་ཚད་དང་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་བ། བསམ་ལམ་རྒྱ་བསྐྱེད་པ། ཚོང་རའི་བྱེད་ཐབས་དང་ཁྲིམས་སྐྱོང་གི་རྣམ་པ། ཆ་འཕྲིན་ཅན་གྱི་བྱེད་ཐབས་བཀོལ་ནས། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རྣམ་པ་དང་རོང་འབྲོག་དམངས་ཀྱི་འཚོ་བའི་རྣམ་པ་བསྒྱུར་བར་སྣེ་ཁྲིད་བྱེད་དགོས།

དགེ་མཚན་ཐོན་ཁུངས་ལ་རྐང་བཙུགས་ནས། ཁྱད་ཆོས་ཐོན་ལས་གསར་སྐྲུན་བྱེད་པ་དང་། དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱེད་དགོས། རྐྱེན་སྲོལ་སྒྲིག་གཞི་གསར་སྐྲུན་བྱེད་པ་དང་། བརྟན་བརླིང་ངང་ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་སྤེལ་ནས། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། རོང་འབྲོག་དམངས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་དང་། རོང་འབྲོག་དམངས་ཀྱི་བྱང་ཚད་མཐོར་འདེགས་བྱེད་པ། ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་སྣེ་ཁྲིད་མི་སྣ་སྐྱེད་སྲིང་བྱས་ཏེ། རིག་གནས་ཡོད་པ་དང་ལག་རྩལ་ལྡན་པ། ཚོང་གཉེར་ལ་མཁས་པའི་རིགས་གསར་བའི་རོང་འབྲོག་དམངས་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཁུངས་ཀྱི་ལས་བྱེད་པས་གོ་སྐབས་དམ་འཛིན་བྱེད་པ་དང་། བྱ་བ་བཟང་བོར་བསྒྲུབ་པ། ནན་ཏན་སྒོས་མདུན་བསྐྱོད་བྱེད་པ། ལག་ལེན་གྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་བླངས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་བའི་རེ་བ་བཏོན།
                                                                                                                                                                                                                                     ཝང་ཡུས་པོ་ཡིས་མཉམ་དུ་རྟོག་ཞིབ་བྱས།