ཟླ་དང་པོའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངག་བཅོལ་སེམས་སུ་དམ་པོར་འཛིན་པ་དང་། རྒྱུན་མ་ཆད་པར་རྐྱེན་སྲོལ་སྒྲིག་གཞི་གསར་གཏོད་བྱེད་པ། བརྟན་བརླིང་ངང་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བ་སྤེལ་ནས། རྒྱལ་ཁབ་སྤྱི་གླིང་དེ་མཛེས་སྡུག་ཀྲུང་གོ་དྲིལ་སྒྲོག་བྱེད་པའི་མིང་བྱང་མིང་གྲགས་ཅན་དུ་འགྱུར་བར་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ལས་བྱེད་པ་དང་བཞུགས་མོལ་གཏིང་ཟབ་བྱས།
མཚོ་སྔོན་སློབ་ཆེན་དུ་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་ཆེད་ལས་བཙུགས་པ་ཤེས་རྗེས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། ཤེས་ལྡན་མི་སྣ་ནི་རྨང་གཞི་ཡིན་པས། ཤེས་ལྡན་མི་སྣའི་སྐྱེད་སྲིང་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པ་དང་། ཚན་རྩལ་རིག་སྟོབས་ཐད་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་སྤྱི་གླིང་ཐད་སྟོབས་དང་ལྡན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། སྐྱེ་ཁམས་སྤྱི་ཕན་དོ་དམ་ཐད་ནས་གླེང་སྐབས། ཝང་གོ་ཧྲིན་གྱིས་བསྟན་དོན། དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགུལ་རྣམ་དོ་དམ་ལག་བསྟར་བྱེད་པ། བྱ་བའི་སྦྲེལ་ཐག་དམ་པོ་དང་ཁེ་ཕན་རྐྱེན་སྲོལ། འགན་འཁྲི་མ་ལག་གྲུབ་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་དེ་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་དགོས་ཟེར།
བཞུགས་མོལ་བྱེད་སྐབས། ཝང་གོ་ཧྲིན་གྱིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། རྐྱེན་སྲོལ་སྒྲིག་གཞི་གསར་གཏོད་བྱས་ནས། བསམ་གཞིགས་གཏོང་སྟངས་དང་བྱ་བའི་རྣམ་པ། ཐོན་སྐྱེད་རྣམ་པ། འཚོ་བའི་རྣམ་པ་བསྒྱུར་དགོས། འཆར་འགོད་སྒྲིག་བཟོ་བྱ་བ་དང་འབྲེལ་ཡོད་ཁྲིམས་སྲོལ་འཆར་ཟིན་འགོད་པར་དམ་འཛིན་བྱེད་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དམ་འཛིན་བྱེད་པ། ཚན་ཁག་དང་དཔུང་སྡེ་འཛུགས་སྐྲུན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ཆབ་སྲིད་སྐྱེ་ཁམས་བཟང་བོ་གྲུབ་པར་བྱེད་དགོས། མིག་རྒྱ་སྔར་ལས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། སྐྱེ་ཁམས་ཀྱི་ཆེས་ཆེ་བའི་རིན་ཐང་སྔོག་འདོན་བྱེད་པ། སྐྱེ་ཁམས་ཀྱི་ཆེས་ཆེ་བའི་སྦས་ཤུགས་འདོན་སྤེལ་བྱས་ནས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་འཁོར་སྐྱོད་བཟང་བོ་བྱེད་དུ་འཇུག་པ་དང་། ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཞིང་ཆེན་ཆེ་བ་རུ་བསྒྱུར་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་ནི་བྱ་བ་གསར་བ་གསར་རྐྱང་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས། བཅོས་བསྒྱུར་ཐད་དམ་འཛིན་བྱེད་པ་དང་། ཕྱོགས་སོ་སོའི་བརྩོན་སེམས་ཆེར་བསྐྱེད་པ། ཞིབ་འཇུག་གཏིང་ཟབ་བྱེད་པ། འཚོལ་ཞིབ་བཟང་བོ་བྱེད་པ། ཤུགས་འདོན་ས་འཚོལ་བ། དོན་དག་རེ་རེ་བཞིན་ལག་བསྟར་བྱེད་པ། སྒྲིག་གཞི་ཚོད་ལྟའི་ཐད་ཀྱི་བྱ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ཏེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཡིད་ཚིམ་པའི་རྒྱུགས་ལེན་བཟང་བོ་སྤྲོད་དགོས་ཟེར།
མཱ་ཧྲོན་ཆིན་དང་ཝང་ཡུས་པོ་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།