ཝང་གོ་ཧྲིན་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
2017.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མདོ་ལ་རི་བོའི་དཀྱིལ་དབུས་མཚོ་བྱང་ཁུལ་མིན་ཡོན་རྫོང་དུ་སོང་ནས། དེ་གའི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། བསམ་བློའི་ཞན་ཆ་དང་བྱ་བའི་མི་འདང་ས་དུས་ལྟར་ཁ་གསབ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ། བྱ་བའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ། ལྷོད་གཡེང་བག་ཙམ་ཡང་མེད་པའི་སྒོ་ནས་སྐྱེ་ཁམས་བྱ་བ་དམ་པོར་འཛིན་པ། ལས་དོན་གཅིག་བསྒྲུབས་ན་དེ་བསྟུན་གྱི་གྲུབ་འབྲས་གཅིག་ལོན་པར་བྱེད་པ་བཅས་ལ་འབད་མཐར། མདོ་ལོ་རི་བོའི་བཀོད་པ་ཁྱད་དུ་མཚར་བའི་རི་ཆུའི་མཛེས་ལྗོངས་འདི་ལ་སྲུང་སྐྱོབ་དོན་དང་ལྡན་པ་ཞིག་བྱེད་ཐུབ་དགོས་པ་བསྟན།

ཝང་གོ་ཧྲིན་གྱིས་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་སྙན་ཞུར་ཉན་རྗེས། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གསལ་བོ་བྱས། ཁོས་བསྟན་དོན། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ལས་འགན་ལྕི་ཞིང་ལས་ཡུན་རིང་བས། སྔར་ལས་ལྷག་པའི་སྒོ་ནས་མིག་རྒྱང་རིང་དུ་བསྲིངས་ནས། བསམ་བློའི་སྟེང་གི་བར་ཁྱད་དང་བྱ་བའི་སྟེང་གི་མི་འདང་ས་རྙེད་པར་བྱས་ཏེ། དེ་བསྟུན་གྱི་འཐབ་ཇུས་འཐེན་པ་དང་ཞིབ་ཕྲའི་བྱ་བ་དམ་པོར་འཛིན་པ། མིག་སྔའི་བྱ་བ་དང་མ་འོངས་པའི་བྱ་བ་གཉིས་གཙོ་གནད་དུ་འཛིན་པ། སྲུང་སྐྱོབ་དང་འཛུགས་སྐྲུན་གཉིས་ཀྱི་བྱ་བ་མཉམ་དུ་སྤེལ་བ། བྱེད་ཐབས་བཟང་བོ་དང་ལམ་ལུགས་ལེགས་པོ་བཀོལ་ཅི་ཐུབ་བྱེད་དགོས་པར་མ་ཟད། མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་བཏང་ཐོག ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། བསྒྱུར་དགོས་པ་བཞིའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་བརྒྱུད། མཚོ་སྔོན་འདི་ཉིད་སྐྱེ་ཁམས་ཞིང་ཆེན་ཆེ་གྲས་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་འཕོ་བར་འབད་འབུངས་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་བར། དོ་དམ་གཟབ་ནན་ཅན་གྱི་མཁའ་དབུགས་འོག་ནས། མི་ཚང་མར་མཁའ་དབུགས་རྔུབ་པའི་བདེ་སྣང་ཁྲོད་ནས་གྲུབ་འབྲས་ཚོར་དུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ངེས་པར་དུ་རི་མཐོ་ས་གཙང་ནི་དག་གཙང་གི་མཆོག་ཡིན་པའི་འདུ་ཤེས་བརྟན་པོ་རང་རྒྱུད་ལ་བཅངས་ནས། བྱ་བའི་འགན་འཁྲི་ལག་བསྟར་དངོས་འབེབས་བྱས་ཏེ། ཐུན་མོང་གི་དོ་དམ་བྱེད་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབས་ནས། མདོ་ལ་རི་བོའི་འདབས་རོལ་ནས་ཆེས་མཛེས་ཤིང་ལྟ་ན་སྡུག་པའི་སྤང་ལྗོངས་ཀྱི་མིང་གྲགས་ས་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་དགོས།

ཝང་ཡུས་པའོ་དང་ཡན་ཅིན་ཧེ་གཉིས་ཐེངས་འདིའི་བྱ་འགུལ་ལ་ཞུགས། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་ལྟ་སྐུལ་ཞིབ་དཔྱོད་ཐིན། ཞིང་ཆེན་ནགས་ལས་ཐིན། མིན་ཡོན་རྫོང་དང་མདོ་ལ་རྫོང་གཉིས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་སྙན་ཞུའི་གྲོས་ཚོགས་སྟེང་ཞུགས།