གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2016ལོའི་ཟླ11པའི་ཚེས5ཉིན་ནས2017ལོའི་ལོ་སར་གྱི་སྔོན་ལ། ཞིང་ཆེན་ཡོངས་ནས་ཞིང་བ་ཞོར་ལས་པར་གླ་ཕོགས་སྤྲོད་པའི་ཆེད་དོན་ཞིབ་བཤེར་ལས་ཞིང་བ་ཞོར་ལས་པ་ཆད་པའི་གླ་ཕོགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བདུན་འབུམ་གཅིག་ཁྲི་བརྒྱད་གཙང་སྤྲོད་བྱེད་དུ་བཅུག
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ནས་བསྡོམས་པས་མི་ཐེངས་ཉིས་བརྒྱ་སོ་ལྔ་ཆེད་དོན་ཞིབ་བཤེར་བྱ་འགུལ་ལ་ཞུགས་པ་དང་། མི་བཀོལ་བའི་ལས་ཁུངས་སྟོང་གཅིག་དང་བརྒྱ་དང་རེ་བརྒྱད་ལ་ཞིབ་བཤེར་བྱས་པ་དང་། འབྲེལ་བ་ཡོད་པའི་མི་ཁྲི་བཞི་དང་སྟོང་གཅིག་ཡོད། དེའི་ནང་ཞིང་བ་ཞོར་ལས་པ་ཁྲི་གསུམ་དང་སྟོང་གཉིས་ཡོད། ཞིང་བ་ཞོར་ལས་པས་ངལ་རྩོལ་གན་རྒྱ་འབྲི་བར་ལྟ་སྐུལ་བྱས་པ་མི་ཁྲི་གཉིས་ལ་བུད་པ་དང་། གཏུག་བཤེར་དང་ཞིབ་བཤེར་བྱས་ནས་ཞིང་བ་ཞོར་ལས་པར་གླ་ཕོགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་འབུམ་གཅིག་ཁྲི་གསུམ་ཆད་ཡོད་པ་ཤེས་ལ། འབྲེལ་བ་ཡོད་པའི་མི་ཁྲི་གཅིག་དང་སྟོང་གསུམ་ལ་སླེབས་ཡོད། དེའི་ནང་ཆད་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བདུན་འབུམ་གཅིག་ཁྲི་བརྒྱད་གཙང་སྤྲོད་བྱས་ཟིན་པ་དང་། ཆད་དངུལ་གཙང་སྤྲོད་བྱས་ཚད་བརྒྱ་ཆའི་གོ་བརྒྱད་རེད།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས“ས་ཁོངས་དོ་དམ་དང་རིམ་བགར་འགན་ཁུར། སུ་གཙོ་བདག་ཡིན་ན་སུས་འགན་འཁུར་པའི”ཚད་གཞི་ལྟར། གླ་ཕོགས་ཆད་པའི་གནད་དོན་ཐག་གཅོད་བྱས། ས་གནས་སྲིད་གཞུང་གིས་སྤྱི་འགན་ཁུར་བའི་བྱ་བའི་ལམ་ལུགས་དང་། རིམ་པ་སོ་སོས་ས་ཁོངས་ཀྱི་འགན་འཁུར་དངོས་འབེབས། “སུས་བཀོལ་ན་སུས་འགན་འཁུར་དགོས”པའི་ཚད་གཞི་ལྟར་ཁེ་ལས་ཀྱིས་ཕོགས་དངུལ་སྤྲོད་པའི་འགན་ཁུར་གཟབ་ནན་དང་ཁེ་ལས་ཀྱིས་གླ་ཕོགས་སྤྲོད་པའི་གཏན་འཁེལ་དངོས་འབེབས་བྱེད་པར་ལྟ་སྐུལ་བྱེད་རྒྱུ་རེད། དེ་དང་མཉམ་དུ། གླ་ཕོགས་ཆད་པར“མིང་ཐོ་ནག་པོ”འཛུགས་པའི་ལམ་ལུགས་ལྟར་ཞིབ་བཤེར་བྱས་ནས་གླ་ཕོགས་ཆད་པའི་ཁེ་ལས་དག་སྨྱན་བྱད་གཙོ་བོ་དང“ཡིད་རྟོན་ཀྲུང་གོ”དྲ་ཚིགས་སོགས་བརྒྱུད་ནས་ཁྱབ་སྒྲོག་བྱེད་པ་དང་། “ཕྱོགས་གཅིག་ནས་ཁྲིམས་དང་འགལ་ཚེ་ཕྱོགས་ཡོངས་ནས་ཚད་བཀག་བྱེད་པའི”ཆད་གཅོད་གནས་བབ་ཆགས་པར་བྱེད་རྒྱུ་རེད།