
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་ནས་ཚོགས་པ་དང་། ཚོགས་ཐོག་ནས2016ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྤྱི་སྡོམ་དང་། 2017ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་ཐུགས་རེ་གལ་ཆེན་སེམས་སུ་དམ་པོར་འཛིན་པ་དང་། དྭངས་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་འཐབ་ཇུས་དང་པོ་དང་འགན་འཁྲི་གཙོ་བོ། ལས་འགན་གལ་ཆེན་དུ་བརྩིས་ནས། འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། མཉམ་འགུལ་གྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་བསམ་བློ། སྒོ་འབྱེད་ཀྱི་འཐབ་ཇུས། ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་བྱ་བ་གཙོ་བོ་ལག་བསྟར་བྱེད་པ། མཁའ་དབུགས་དང་ཆུ། ས་ཞིང་བཙོག་བཟོ་འགོག་བཅོས་བྱེད་པའི་འགུལ་སྐྱོད་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། རྒྱུན་མཐུད་སྒོས་ཁོར་ཡུག་གི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་རྗེས་ལུས་ཡིན་པའི་ཞིང་ཆེན་ནས་སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་དུ་བསྒྱུར་བར་འབད་བརྩོན་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།
ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱིས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བའི་ཐད་ཀྱི་མཉམ་འགུལ་རྒྱུན་འཁྱོངས་བྱེད་པ། ཁོར་ཡུག་སྲུང་སྐྱོབ་དེ་དཔལ་འབྱོར་ཚུལ་བསྒྱུར་རིམ་སྤོར་བྱེད་པའི་སྒུལ་ཤུགས་སུ་བྱེད་པ། ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར། ཁྲིམས་འཛིན། དོ་དམ་སོགས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་འཛུགས་པ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། རུ་ཆུ་སྔོ་ལྗང་དུ་བསྒྱུར་བ་དང་ཁྱིམ་གཞི་མཛེས་བསྒྱུར་བྱེད་པའི་ཆེད་དོན་འགུལ་སྐྱོད་ནན་ཏན་གྱིས་སྤེལ་བ། རྒྱུན་མཐུད་འཕེལ་རྒྱས་ལ་གནོད་པ་བཟོ་བ་དང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཐེབས་པའི་འབུར་ཐོན་གྱི་ཁོར་ཡུག་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། ལོ་ཧྲིལ་བོའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ཏེ། ཁོར་ཡུག་གི་རྒྱུ་སྤུས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།
ཐེན་ཅིན་ཁྲིན་གྱིས་གཏམ་བཤད་་སྐབས2016ལོར་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ཁོར་ཡུག་བཙོག་བཟོར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་དམ་འཛིན་བྱས་ནས། བཞུར་རྒྱུན་ཡོངས་ཀྱི་ཆུའི་རྒྱུ་སྤུས་ཇེ་ལེགས་སུ་འགྲོ་བ་དང་། ཞིང་ཆེན་ཡོངས་དང་གྲོང་ཁྱེར་གཙོ་བོའི་ཁོར་ཡུག་དང་མཁའ་དབུགས་ཀྱི་རྒྱུ་སྤུས་ཇེ་ཞན་དུ་འགྲོ་བར་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ་དང་། ས་ཞིང་བཙོག་བཟོའི་གནས་བབ་ལ་བརྟག་བཤེར་ཞིབ་མོ་བྱེད་པའི་རྨང་གཞིའི་སྟེང་ཚོད་འགོག་བྱེད་ཐབས་བཏོན་ནས། ཁྱིམ་གཞི་མཛེས་བསྒྱུར་འགུལ་སྐྱོད་ཀྱི་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཐད་ཀྱི་དྲ་རྒྱ་་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཚན་རིག་ཅན་དང་ཆ་འཕྲིན་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་ཞིབ་དམ་འཛིན་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་སྟོབས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་དང་ཆ་སྡེབས་བྱེད་ཐབས་ལ་ཞིབ་བཤེར་གཏན་འབེབས་བྱས་ཏེ། ཁོར་ཡུག་དོ་དམ་གྱི་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས། ཞིང་ཆེན་སྲིད་གཞུང་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བར་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་གྲོང་ཁྱེར་སོ་སོ་དང་ཁུལ་སོ་སོའི་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཅུའུ་བར་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད།