ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཞིང་ཕྱུགས་ས་ཁུལ་གྱི་འགོས་ནན་ཚབས་ཆེན་དང་ཐུམ་འབུའི་ནད་རིགས་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་སྲིད་གཞུང་གི་ནད་རིགས་ཚབས་ཆེན་འགོག་བཅོས་བྱ་བའི་སྡེ་ཁག་གི་མཉམ་འབྲེལ་གྲོས་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཨེ་ཙིའི་ནད་རིགས་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱི་སྔོན་ལ་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ནད་རིགས་ཚབས་ཆེན་འགོག་བཅོས་བྱ་བར་བླང་བྱ་གསལ་བོ་བཏོན།
ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་ནད་རིགས་ཚབས་ཆེན་འགོག་བཅོས་བྱ་བ་འདི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་སར་བརྩིས་ནས་གཅིག་གྱུར་འཆར་འགོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྔོན་འགོག་གཙོར་འཛིན་གྱི་ཐབས་ཇུས་ལྟར། སྲིད་གཞུང་གི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ནད་རིགས་ཚབས་ཆེན་ཚོད་འཛིན་དང་འགོག་བཅོས་བྱ་བར་གྲུབ་འབྲས་བཟང་པོ་བླངས་ཡོད་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནད་རིགས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱ་བའི་གལ་ཆེན་རང་བཞིན་ལ་གོ་བ་ཡང་དག་བླངས་ནས། འགན་འཁྲིའི་འདུ་ཤེས་མཐོན་པོའི་འོག་ནད་རིགས་ཚབས་ཆེན་འགོག་བཅོས་བྱ་བ་ཡར་ལྡན་དུ་སྤེལ་དགོས། བྱ་བའི་སྤྱི་ཕྱོགས་བསམ་པ་དང་དངོས་འབེབས་དམ་པོར་འཛིན་པ། མགོ་ཁྲིད་ལ་རྩ་འཛུགས་བྱེད་པ། སྟོབས་ཤུགས་གང་ཡོད་འདོན་པ། སྡེ་ཁག་དང་སྡེ་ཁག་ཕན་ཚུན་བར་མཐུན་སྦྱོར་མཉམ་ལས་བྱེད་པ། དྲིལ་སྒྲོག་སློབ་གསོ་དང་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱ་བའི་སྟེང་ནུས་ཤུགས་གང་ཡོད་འདོན་པ་བཅས་ལ་འབད་ནས། ཞིང་ཆེན་ཡོངས་ཀྱི་ནད་རིགས་ཚབས་ཆེན་འགོག་བཅོས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས་ཟེར།