ཉེ་ལམ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ་ཡིས་དཔྱད་བསྡུར་འདེམས་བསྐོ་བྱས་པའི་སྐབས་བཅུ་བའི་རྒྱལ་ཡོངས་ཞིང་སྡེའི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཕུལ་བྱུང་ན་གཞོན་དྲུག་ལ་རྒྱལ་ཡོངས་ཞིང་སྡེའི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པའི་མཚན་སྙན་ཐོབ། དེ་ནི་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ་ཡིས་ཞིང་ལས་ཁྱབ་ཁོངས་དང་ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་ཞིང་སྡེའི་ན་གཞོན་ཚོར་བྱིན་པའི་ཆེས་མཐོའི་བྱ་དགའ་རེད།
གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཞིང་སྡེའི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པ་དེ་ལོ་གཉིས་ཀྱི་ནང་ཐེངས་གཅིག་ལ་དཔྱད་བསྡུར་འདེམས་བསྐོ་བྱེད་པ་དང་། དེའི་དམིགས་ཡུལ་ནི་ཞིང་སྡེའི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པའི་དཔེ་མཚོན་ལ་གཟེངས་བསྟོད་བྱེད་པ་དང་དྲིལ་སྒྲོག་བྱེད་པ་བརྒྱུད་དེ། རྒྱ་ཆེའི་ཞིང་སྡེའི་ན་གཞོན་ཚོས་ཞིང་སྡེ་དང་ཞིང་ལས་ཁྱབ་ཁོངས་ནས་ལས་སྐྲུན་ཕྱུག་བསྒྱུར་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་རྒྱུ་དེ་རེད། ཐེངས་འདིར་རྒྱལ་ཡོངས་ནས་བསྡོམས་པས་མི་བཞི་བརྒྱ་དང་གྱ་གསུམ་མིང་ཐོའི་ཁྲོད་ཚུད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ན་གཞོན་དྲུག་པོ་ནི་ཁྱབ་ཁོངས་དང་ལས་རིགས་མི་འདྲ་བའི་རྐང་འཛིན་པ་དང་ཕུལ་བྱུང་མི་སྣ་ཡིན་ཟེར།
རྗེས་ཕྱོགས། སྐབས་བཅུ་བའི་རྒྱལ་ཡོངས་ཞིང་སྡེའི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པའི་དཔྱད་བསྡུར་འདེམས་བསྐོ་དང་གཟེངས་བསྟོད་ཀྱི་གོ་སྐབས་དང་བསྟུན་ནས། རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་དང་ཞིང་ལས་སྡེ་ཁག་གིས་ཞིང་སྡེའི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པ་སྐྱེད་སྲིང་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། རྒྱུན་མ་ཆད་པར་སྐྱེད་སྲིང་ལམ་བུ་རྒྱ་བསྐྱེད་པ། ཞབས་ཞུ་སྟེགས་བུ་འཛུགས་པ། བྱ་འགུལ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྔོན་ཐོན་དཔེ་ལེགས་ཅན་འདེམས་བསྐོ་བྱེད་པ། ན་གཞོན་སྔར་ལས་མང་པོས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པའི་ཐད་སྟོབས་ཤུགས་འབུལ་རྒྱུ་རེད།