ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་རྒྱུ་སྣེ་སྟོན་དུ་བཟུང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་ཤུགས་འདོན་སར་བརྩིས་ཏེ། བར་མ་ཆད་པའི་ངང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་སུམ་བརྒྱ་ལ་འགན་སྲུང་རང་བཞིན་གྱི་བདེ་སྡོད་འདུག་ཁང་འཛུགས་སྐྲུན་བྱེད་རྒྱུ་རེད། དེའི་ཁྲོད་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁང་རྙིང་ཁྲི་ལྔ་དང་སྟོང་དྲུག་སུམ་བརྒྱ་བསྒྱུར་བཀོད་བྱེད་རྒྱུ་ཡིན་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་ཁྲི་དྲུག་ལེགས་བཅོས་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁང་རྙིང་བསྒྱུར་བཀོད་ཕྱོགས་ནས། མཚོ་སྔོན་གྱིས་ལོ་གཅིག་གི་འཆར་འགོད་དང་མ་དངུལ་གྲབས་གསོག ས་ཞིང་བཀོལ་སྤྱོད། རྒྱུ་སྤུས་ལ་ལྟ་སྐུལ་དོ་དམ་བྱེད་པ། གླ་ཁང་བགོ་འགྲེམ་སོགས་ཀྱི་ལས་རིམ་དམ་པོར་བཟུང་ནས། ལོ་གཅིག་གི་འཛུགས་སྐྲུན་འོས་འགན་ལག་བསྟར་དངོས་འབེབས་བྱས་ཏེ། ལས་གཞིའི་རྒྱུན་མུ་མཐུད་དུ་གཉེར་བ་དང་དུས་ལྟར་ལས་མགོ་རྩོམ་པར་འགན་སྲུང་བྱེད་རྒྱུ་རེད།