ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།
ཝང་ཅན་ཅོན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ནི། རང་རྒྱལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་བོ་ཞིག་བརྩམས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་མ་བྱེད་པའི་གནད་འགག་གི་དུས་རིམ་དུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་སྟེང་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་བཏོན་པའི་ལག་བསྟར་རེ་བ་ལྟར། བརྗོད་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཇུས་ཆོད་བཀོད་སྒྲིག་ལ་ངོས་འཛིན་གསལ་བོ་བྱེད་པ། བློ་མཐུན་ཝང་ཆི་ཧྲན་དང་བློ་མཐུན་ཝང་ཡོང་གཉིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ། འདུ་ཤེས་བཞི་དང་ལྷག་པར་དུ་སྲོག་ཤིང་འདུ་ཤེས་དང་དཔེ་ལྟའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཡིད་རྟོན་བཞི་དང་ལྷག་པར་དུ་རིག་གནས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ཏེ། འགན་འཁྲི་འདུ་ཤེས་བརྟན་པོའི་སྒོ་ནས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བ་དེ་བྱ་བའི་སྒུལ་ཤུགས་དང་ལག་ལེན་གྲུབ་འབྲས་སུ་བསྒྱུར་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་བཏོན་པའི་རེ་བ་ལྟར་དུ། ཉིན་བརྒྱའི་མཁྲེགས་གཏོར་གྱི་ལས་འགན་བཀོད་སྒྲིག་ལ་ཤར་སྦྱར་ནས། དུས་ཚིགས་དང་པོའི་བྱ་བའི་སྤྱི་བསྡོམས་་དང་དུས་ཚིགས་གཉིས་པའི་བྱ་བའི་འཆར་འགོད་དམ་འཛིན་བྱེད་དགོས། འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་། སྦྲེལ་མཐུད་བརྗེ་རེས་ལ་ཤུགས་སྣོན་པ། རྗེས་འདེད་ལག་བསྟར་ཐད་དམ་འཛིན་བྱེད་པ། རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་བར་བཞུགས་མོལ་སྦྲེལ་མཐུད་བྱེད་པའི་བྱ་བའི་རྗེས་མཐུད་བྱ་བར་སྐུལ་འདེད་བཏང་སྟེ། བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། གཞི་རིམ་དུ་སོང་ནས་རྟོག་ཞིབ་བྱེད་པ་དང། གནད་དོན་ཞིབ་བཤེར་རྩད་གཅོད་བྱས་ནས། བྱ་བ་སྣ་ཚོགས་ཤུགས་ཡོད་པ་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་པ་དང་། གྲུབ་འབྲས་བཟང་བོའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།