ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཟི་ལིང་ས་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་ནན་བསྟན་དོན། དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བ་ལག་བསྟར་བྱེད་པ་དང་། མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ལས་ཞུགས་དང་ལས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལས་རིམ་ཧྲིལ་བོའི་ཁྲོད་བཞག་ནས་ཞིབ་ལྟ་བྱས་ཏེ། མགྱོགས་མྱུར་ངང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ལས་རིགས་ལག་རྩལ་སློབ་གསོའི་བྱེད་ནུས་འབུར་ཐོན་ཡོང་བར་བྱེད་པ་ལ། ཅིས་ཀྱང་སྲིད་གཞུང་གི་སྐུལ་འདེད་དང་སྲིད་གཞུང་གི་སྣེ་སྟོན། ཁེ་ལས་ཟབ་ཞུགས་ཀྱི་སློབ་སྒྲུབ་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་དགོས་པ་དང་། ས་ཁོངས་བཀོད་འགྲེམ་དང་འཕེལ་རྒྱས་གནས་ཐིག་གཏན་འཁེལ་གཉིས་ཕན་ཚུན་རུང་བསྟུན་ཡོང་བར་བྱས་ཏེ། སྒྲིག་གཞི་སྙོམ་སྒྲིག་དང་རྒྱུ་སྤུས་མཐོར་འདེགས་གཏོང་བ་གཉིས་ཟུང་དུ་སྦྲེལ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རིག་ཚན་འཛུགས་སྐྲུན་དང་འཇོན་ཐང་མི་སྣའི་དགོས་མཁོ་གཉིས་སྦྲེལ་མཐུད་བྱེད་པ། ཆེད་ལས་སྒྲིག་གཞི་དང་མིང་གྲགས་ཐོན་རྫས་གཉེར་བ་གཉིས་གཞི་གཅིག་ཏུ་འཛིན་པ། ལས་རིགས་ལག་རྩལ་སློབ་གསོའི་ས་ཁོངས་བཀོད་འགྲེམ་དང་སྒྲིག་གཞི་སྙོམ་སྒྲིག། རིག་ཚན་འཛུགས་སྐྲུན། ཆེད་ལས་སྒྲིག་གཞི། མི་འདང་ས་དང་ཞན་ས་དུས་ལྟར་གསབ་པ་བཅས་ལ་མཐའ་གཅིག་ཏུ་འབད་མཐར། ལས་རིགས་སློབ་གསོའི་བྱ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བ་མངོན་དུ་འགྱུར་བར་བྱེད་དགོས། དཀྱེལ་ཡངས་ཀྱི་སློབ་སྒྲུབ་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་སློབ་ཐུན་གྱི་དགེ་རྒན་བརྟན་འཇགས་བཟོ་བ་དང་སྐད་གཉིས་སློབ་གསོའི་དགེ་རྒན་གསོ་སྐྱོང་བྱེད་པའི་རྨང་གཞིའི་སྟེང་དུ། གོ་སྐབས་དམ་འཛིན་དང་ཤེས་རབ་ནང་འདྲེན། བྱེད་ཤུགས་ཚུར་འདྲེན་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་སོགས་ཀྱི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་རིགས་ལག་རྩལ་སློབ་གསོའི་དགེ་རྒན་གྱི་ཐོན་ཁུངས་ཆུ་ཚད་ཇེ་མཐོར་གཏོད་དགོས། དཀྱེལ་ཡངས་ཀྱི་མིག་རྒྱང་རིང་དུ་བསྲིངས་པའི་སྒོ་ནས་སློབ་མ་བསྡུ་བ་རྒྱུན་འཁྱོངས་བྱས་ཏེ། ལས་རིགས་ལག་རྩལ་སློབ་གསོའི་དམིགས་འབེན་ཁ་ཕྱོགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ལས་རིགས་ལག་རྩལ་སློབ་གསོའི་འགུག་ཤུགས་ཇེ་ཆེར་བཏང་ནས། ལས་ཞུགས་མི་གྲངས་ཀྱིས་ལས་རིགས་ལག་རྩལ་སློབ་གསོ་དང་ལེན་བྱེད་ཚད་ཇེ་མཐོར་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་དང་མཐུན་པའི་དངུལ་གཏོང་འགན་སྲུང་ལམ་ལུགས་འཐུས་ཚང་ཞིག་འཛུགས་པར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་བསམ་ཐོག་ལ་འབབ་པའི་ལས་རིགས་ལག་རྩལ་སློབ་གསོ་བཟང་པོ་ཞིག་སྤེལ་བར་འཚམ་པའི་ཆ་རྐྱེན་གང་ཡོད་བསྐྲུན་དགོས་ཟེར།
ཝང་ཞའོ་དང་ཁྲིན་ལིས་ཧྭ། ཡང་ཧྥིན་ཁྲོན་བཅས་ཐེངས་འདིའི་འབྲེལ་ཡོད་བྱ་འགུལ་ལ་ཞུགས།