ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རིའི་ལྗང་བསྒྱུར་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཁོངས་ལྗང་བསྒྱུར་བྱེད་རྒྱུ་ནི་སྐྱེ་ཁམས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མངག་བཅོལ་སེམས་སུ་བཅངས་པ་དང་། དཀའ་སྤྱད་འབད་བརྩོན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་རི་ཆུ་ལྗང་བསྒྱུར་དང་ཁོར་ཡུག་མཛེས་བསྒྱུར་བྱེད་པ། མཐུན་སྦྱོར་སྒོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་འབྱོར་ཕྱུག་ཏུ་བསྒྱུར་བ། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ལེའུ་གསར་བ་འབྲི་དགོས་ཟེར།
ཝང་གོ་ཧྲིན་སྔ་གཞུག་ཏུ་ཟི་ལིང་ལྷོ་བྱང་རིའི་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན། ཞིང་ཆེན་གློག་ཤུགས་ཀུང་ཟི་སོགས་ཀྱི་ལྗང་བསྒྱུར་ཁུལ་དུ་སོང་ནས། ལག་རྩལ་དང་དོ་དམ་མི་སྣ་དང་ལག་འཇུ་བྱས་ནས་གླེང་མོལ་བྱེད་པ་དང་། ཆུ་གཏོང་བ་དང་མེ་འགོག་པ། ནད་འབུའི་གནོད་འཚེ་འགོག་བཅོས་བྱེད་པ་སོགས་ཀྱི་གནས་ཚུལ་དང་། ནགས་སྐྲུན་དང་དོ་དམ་བདག་གཉེར་བྱ་བའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས།
ཝང་གོ་ཧྲིན་གྱིས་བསྟན་དོན། མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་གཏེར་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་ཡིན་པས། ང་ཚོས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངགས་བཅོལ་སེམས་སུ་དམ་པོར་འཛིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ལྗང་མདོག་འཕེལ་རྒྱས་དང་ལྗང་མདོག་དམངས་ཕན་རྒྱུན་འཁྱོངས་བྱེད་པ། ལྗང་བསྒྱུར་བྱེད་རྒྱུ་དེ་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ལྗང་བསྒྱུར་ལ་བརྟེན་ནས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཕན་འདོགས་པ། སྣང་བརྙན་བཟང་བོ་བསྐྲུན་པ། རྒྱུན་མཐུད་སྒོས་རི་ཆུ་ལ་བཅོས་སྐྱོང་བྱེད་པ་དང་སྐྱེ་ཁམས་འཛུགས་སྐྲུན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ལ་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་ཆགས་པར་སྣེ་ཁྲིད་བྱེད་པ། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་ཐད་ཀྱི་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མིག་སྔའི་དུས་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ནགས་སྐྲུན་ལྗང་བསྒྱུར་གྱི་ཚ་རླབས་སློང་བ་དང་། ཚད་གཞི་ཇེ་མཐོར་གཏོང་བ། སྒྲིག་གཞི་གསར་གཏོད་བྱེད་པ། ས་བབ་དང་བསྟུན་པ། རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྗེས་ཕྱོགས་ཀྱི་དོ་དམ་སྲུང་སྐྱོབ་དམ་འཛིན་བྱས་ནས། ནགས་སྐྲུན་ལྗང་བསྒྱུར་གྱི་རྒྱུ་སྤུས་དང་སྐྱེ་ཁམས་ཕན་འབྲས་མཐོར་འདེགས་བྱེད་དགོས། དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། སྔོན་ཐོན་དཔེ་མཚོན་ཁྱབ་གདལ་དུ་གཏོང་བ། དམངས་ཡོངས་ཀྱིས་ལྗང་བསྒྱུར་བྱེད་པའི་རྣམ་པ་ཆགས་པར་བྱས་ཏེ། ལྗང་བསྒྱུར་བྱེད་པ་དེ་རྒྱ་ཆེའི་མང་ཚོགས་ཀྱི་རང་རྟོགས་འགུལ་སྐྱོད་དུ་འགྱུར་བར་བྱེད་དགོས་ཟེར།
ཝང་ཡུས་པའོ་ཡིས་མཉམ་དུ་རྟོག་ཞིབ་བྱས།