མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་བསྡུས།
2017.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་བྱ་བའི་སྐུལ་སློང་ཚོགས་ཆེན་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་གྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་སྤྱི་སྡོམ་བྱས་པ་དང་། མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་འོས་འགན་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་དང་། ཁྱད་པར་དུ་མཚོ་སྔོན་གྱི་བྱ་བར་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་དགོས་པའི་འདུ་ཤེས་རང་རྒྱུད་ལ་དམ་པོར་ཉར་ནས། རྒྱལ་ཁོངས་ལྗང་བསྒྱུར་གྱི་ལག་ལེན་དངོས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས། མིག་སྔའི་ཕན་ལྡན་གྱི་དུས་སྐབས་དང་གོ་སྐབས་དམ་འཛིན་བཟང་བོ་བྱས་ཏེ། དམངས་ཡོངས་ཀྱི་ཐུན་མོང་གི་ལྟ་བ་གཅིག་གྱུར་བྱེད་དགོས་པ་ལས་གཞན། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ཡོད་རྒུར་སྐུལ་སློང་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཤེས་རབ་གཅིག་བསྡུས་བྱས་མཐར། མཚོ་སྔོན་འདི་ཉིད་དཔལ་འབྱོར་ཞིང་ཆེན་ཆུང་གྲས་ནས་སྐྱེ་ཁམས་སྟོབས་ལྡན་ཞིང་ཆེན་དུ་བསྒྱུར་དགོས་པར་མ་ཟད། ལྗང་བསྒྱུར་དམངས་ཕྱུག་དང་ལྗང་བསྒྱུར་ལས་སྒོ་མགྱོགས་མྱུར་ངང་རྒྱས་པར་སྐུལ་འདེད་བྱས་ཏེ། བར་མ་ཆད་པའི་ངང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་བརྗོད་སྙིང་གསར་བ་རྩོམ་ཐུབ་དགོས་ཟེར།

ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། དེ་མིན་ད་དུང་ཞིང་ཆེན་གྱི་མགོ་ཁྲིད་རིན་ཆེན་རྒྱལ་དང་ཝང་ཞའོ། ཝང་ཡུས་པའོ། མུའུ་ཏུང་ཧྲིན། ཡན་ཅིན་ཧེ། ལིས་ཞའོ་མིན། ཡང་ཞུང་ཨེ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་དུས་ཡུན་རིང་བོར་ནགས་ལས་བྱ་བར་འབད་འཐབ་བྱས་པའི་ལས་རྐང་སྟེང་གི་བློ་མཐུན་ཡོངས་དང་། ལྗང་བསྒྱུར་ལས་དོན་པ་ཚང་མར་གུས་འདུད་བླ་མེད་དང་བཀའ་དྲིན་བླ་མེད་ཞུས། ཁོས་བཤད་རྒྱུར། རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་ནི་ཞིང་ཆེན་ལ་ཕན་པ་དང་དམངས་ལ་ཕན་པའི་རླབས་ཆེན་ལས་དོན་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། དུས་སྐབས་སོ་སོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་མཐོང་ཆེན་བླ་མེད་བྱས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་གྱི་བསམ་བློའི་འདུ་ཤེས་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པར་མ་ཟད། འདུས་སྡོད་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་བྱུང་བ་དང་། གྲོང་ཁྱེར་གྱི་བྱང་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་བ། ཐོན་ལས་སྒྲིག་གཞི་ལེགས་བཅོས་ཆེན་པོ་བྱུང་བ། སྐྱེ་ཁམས་ཁོར་ཡུག་བར་མ་ཆད་པའི་ངང་ལེགས་ལམ་ལ་ཕྱིན་པ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་ལྗང་བསྒྱུར་འཕེལ་རྒྱས་འདུ་ཤེས་རིགས་སོ་སོའི་དམངས་ཡོངས་ཀྱི་བག་ཆགས་སུ་གྱུར་ཡོད་པའི་ཁར། རབ་མཛེས་མཚོ་སྔོན་གྱི་ལྗང་བསྒྱུར་སྣང་བརྙན་བསྟུད་མུར་ཇེ་རྒྱས་ཇེ་ལེགས་སུ་སོང་མཐར། སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་ཕན་འབྲས་ཆེན་པོ་བླངས་ཡོད་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བའི་ལག་ལེན་ཁྲོད་དུ། ང་ཚོར་ལྗང་བསྒྱུར་བྱ་བ་འཛིན་པ་ནི་འཕེལ་རྒྱས་བྱ་བ་དམ་པོར་བཟུང་བ་ཡིན་པའི་ངོས་ཟིན་ཟབ་མོ་ཐོབ་ཡོད། རྒྱལ་ཁོངས་ལྗང་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་དང་བེད་སྤྱོད་ལེགས་པོ་བྱས་པ་ཡིན་ན། གཞི་ནས་སྔར་ལས་ལེགས་པོའི་སྒོ་ནས་ཐོན་སྐྱེད་ནུས་པ་འཕེལ་རྒྱས་གཏོང་ཐུབ་པ་དང་། ཚད་གཞི་མཐོན་པོའི་སྒོ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་ཐུབ་པར་མ་ཟད། འཕེལ་རྒྱས་དང་སྲུང་སྐྱོབ་གཉིས་རྒྱལ་བྱ་བ་མངོན་དུ་འགྱུར་ཐུབ། ལྗང་བསྒྱུར་འཛིན་པ་ནི་སྐྱེ་ཁམས་བཟུང་བ་ཡིན། ལྗང་བསྒྱུར་སྔོ་ཁེབས་ཁྱབ་རྒྱ་ཆེར་བསྐྱེད་བཏང་བ་ཡིན་ན། གཞི་ནས་ལྗང་བསྒྱུར་ཐོན་ཁུངས་ཇེ་མང་དང་སྐྱེ་ཁམས་བྱེད་ནུས་ཇེ་དྲག་ཏུ་བཏང་བར་མ་ཟད། སྐྱེ་ཁམས་འདེགས་ཤུགས་ཇེ་མཐོར་བཏང་མཐར། སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་བ་ཡིན། ལྗང་བསྒྱུར་འཛིན་པ་ནི་དམངས་ཚིས་བཟུང་བ་ཡིན། ལྗང་བསྒྱུར་ཐོན་ཁུངས་སྣ་མང་ཕུན་ཚོགས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཤུགས་ཆེན་པོས་ལྗང་བསྒྱུར་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་བ་ཡིན་ན། གཞི་ནས་རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་ཕན་ཁེ་རྣལ་མ་ལོངས་སྤྱོད་བྱེད་ཐུབ། ལྗང་བསྒྱུར་འཛིན་པ་ནི་སྣང་བརྙན་བཟུང་བ་ཡིན། རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་བཟང་བོར་བསྒྲུབ་པ་ཡིན་ན། གཞི་ནས་བར་མ་ཆད་པའི་ངང་མཚོ་སྔོན་གྱི་མཚན་སྙན་གྲགས་རྒྱས་ཐུབ་པ་དང་། མཚོ་སྔོན་གྱི་སྣང་བརྙན་ལེགས་པར་བསྐྲུན་ནས། མཚོ་སྔོན་གྱི་འདྲེན་ཤུགས་ཇེ་དྲག་ཏུ་གཏོང་ཐུབ་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་ནི་དམངས་ཡོངས་ཀྱི་ཕྲག་སྟེང་དུ་བབས་པའི་ལས་དོན་རླབས་ཆེན་ཞིག་ཡིན། མགོ་ཁྲིད་རྩ་འཛུགས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རིམ་པ་སོ་སོའི་ཏང་སྲིད་འགན་ཁུར་མི་སྣ་གཙོ་བོ་རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་ཁྲོད་ཚུད་ཐུབ་པའི་སྣེ་ཁྲིད་ལམ་ལུགས་འཛུགས་པར། ཅིས་ཀྱང་ཇུས་འགོད་དང་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དམིགས་འབེན་འགན་འཁྲི་ལག་བསྟར་དངོས་འབེབས་ཡོང་བར་འགན་སྲུང་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་མགོ་འཛིན་བྱེད་སྐབས་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ལྗང་བསྒྱུར་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་པར་མ་ཟད། ཁྱོན་ཡོངས་ནས་ནགས་བསྐྲུན་ལྗང་བསྒྱུར་གྱི་ལག་ལེན་ཉམས་མྱོང་སྤྱི་སྡོམ་བྱས་ཏེ། གཟུ་བོར་གནས་པའི་སྒོ་ནས་མིག་སྔའི་ལྗང་བསྒྱུར་བྱ་བར་འཕྲད་ཀྱིན་པའི་གནས་སྟངས་འགན་འཁྲིར་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས།

གྲོས་ཚོགས་ལས་ཉིས་སྟོང་བཅུ་དྲུག་ལོའི་ཟི་ལིང་ལྷོ་བྱང་རི་བོའི་ལྗང་བསྒྱུར་བྱ་བའི་དམིགས་འབེན་དཔྱད་ཞིབ་མཇུག་འབྲས་བསྒྲགས་པ་དང་། ཉིས་སྟོང་བཅུ་བཞི་ལོ་ནས་བཅུ་དྲུག་ལོའི་བར་གྱི་ཟི་ལིང་ལྷོ་བྱང་རི་བོའི་ལྗང་བསྒྱུར་བཀོད་འདོམས་པུའུ་ཡི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་ལས་གཞན། སྔོན་ཐོན་ས་ཁུལ་དང་ལས་ཁུངས། མི་སྒེར་བཅས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་ཆབ་སྲིད་པུའུ་ཡི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་ནགས་ལས་ཅུའུ་དང་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོ། ཟི་ལིང་ལྷོ་བྱང་རི་བོའི་ལྗང་བསྒྱུར་ས་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།