རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུའུ་གཉིས་ཀྱིས་ཉེན་རྟོག་ལས་དོན་ཐད་ཀྱི་མཉམ་ལས་རྐྱེན་སྲོལ་བཙུགས།
2017.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཉེ་ལམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུའུ་་གཉིས་ཀྱིས་འབྲེལ་ལྔའི་ཉེན་རྟོག་ལས་དོན་ཐད་ཀྱི་མཉམ་ལས་རྐྱེན་སྲོལ་བཙུགས་ནས། བདེ་སྐྱོང་ཚོད་འགོག་དྲ་རྒྱ་དང་ས་མཚམས་བགྲོད་ལམ་གྱི་ཞིབ་བཤེར་དང་ཚོད་འཛིན། སྤྱི་བདེ་སྲིད་འཛིན་ཞབས་ཞུ། ཉེན་རྟོག་ལས་དོན་ཐོན་ཁུངས་འཛུགས་སྐྲུན། ཉེན་རྟོག་པ་དང་སྨྱན་བྱད་མཉམ་ལས་དྲིལ་སྒྲོག་སོགས་གཞི་གཅིག་ཅན་དྲུག་གཙོར་བྱས་པའི་ཉེན་རྟོག་ལས་དོན་གྱི་མཉམ་ལས་རྣམ་པ་ཆགས་པར་བྱས། དེས་དམིགས་ཡུལ་ནི་སྤྱི་ཚོགས་གཏན་འཇགས་དང་སྐྱེ་ཁམས་བདེ་འཇགས་ལ་སྔར་ལས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། མཉམ་དུ་ས་མཚམས་ས་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་ཆེད་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེན་རྟོག་ལས་དོན་ཀྱི་མཉམ་ལས་རྐྱེན་སྲོལ་ཐད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་པད་བཀྲ་མངག་གཏོང་ཁང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུའུ་སྨྱོ་དོམ་སྤྱི་བདེ་རིམ་པ་གཉིས་པའི་ཞིབ་བཤེར་ས་ཚིགས་གཉིས་གཞི་རིམ་གྱི་འབྲེལ་འདྲིས་བྱེད་སར་བྱས་ཏེ། མཉམ་དུ་མཉམ་འགོག་མཉམ་བཅོས་ཀྱི་དྲ་རྒྱ་འཛུགས་པ་དང་། ཉེན་རྟོག་ལས་དོན་ཐད་ཀྱི་ཆ་འཕྲིན་བརྗེ་རེས་དང་ཉེན་རྟོག་པའི་ཐོན་ཁུངས་མཉམ་སྤྱོད་བྱེད་པ། ས་མཚམས་མཉམ་འགོག་ཐད་ནས་བརྗེ་རེས་དང་ཁྲིམས་འཛིན་གྱོད་སྒྲུབ་ཐད་ནས་ཕན་ཚུན་རོགས་རེས་བྱེད་པ། ཆ་འཕྲིན་མཉམ་སྤྱོད་དང་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་པ། སྐོར་ཞིབ་སྲུང་སྐྱོབ་ལམ་ཐིག་ཇེ་ལེགས་སུ་གཏོང་བ་དང་ས་མཚམས་ས་ཁུལ་གྱི་སྤྱི་ཚོགས་བདེ་སྐྱོང་ཚོད་འགོག་ནུས་པ་ཇེ་མཐོར་གཏོང་བ་བཅས་བྱེད་རྒྱུ་རེད།

ཉེན་རྟོག་ལས་དོན་གྱི་མཉམ་ལས་རྐྱེན་སྲོལ་བཙུགས་རྗེས། ཕྱོགས་གཉིས་ཀྱིས་རང་སྟེང་གི་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། འོས་འཚམ་གྱི་བྱེད་ཐབས་སྤྱོད་པ་དང་། མཉམ་འགོག་དྲ་རྒྱ་འཛུགས་པ། བདེ་སྐྱོང་ཉེན་བརྡའི་ཆ་འཕྲིན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མཐའ་མཚམས་ནགས་ཁུལ་གྱི་ཆ་འཕྲིན་དྲ་རྒྱ་འཛུགས་པ་བཅས་བྱས་ནས། ཕན་པ་ཡོད་པའི་སྒོ་ནས་དོ་དམ་དང་ཚོད་འཛིན་བྱེད་པ་དང་། རིགས་མི་འདྲ་བའི་གྱོད་གཞི་འབྱུང་ཚད་ཇེ་ཉུང་དུ་གཏོང་རྒྱུ་རེད། མཐའ་མཚམས་ལམ་རྒྱུད་དང་ཉེ་འགྲམ་གྱི་ཞང་དང་གྲོང་རྡལ་གྱི་ཤིང་ཆ་འདྲུད་པའི་རླངས་འཁོར་དང་ཤིང་ཆ་ལས་དོན་ལས་རིགས། ཚོང་ར། ཕྱུགས་ལས་ཐོན་རྫས་ཉོ་ཚོང་བྱེད་ས་སོགས་སུ་ལས་སྒྲུབ་བྱེད་པའི་མི་སྣའི་གནས་ཚུལ་ལ་ཞིབ་བཤེར་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དུས་ལྟར་མཐའ་མཚམས་ལམ་རྒྱུད་ཀྱི་ཉེན་རྟོག་པའི་གནས་ཚུལ་དང་ཚོད་འགོག་གནས་ཚུལ། གྱོད་གཞི་ཆེན་པོའི་གནས་ཚུལ་ཁྱབ་སྒྲོག་བྱེད་པ། མཐའ་མཚམས་ནགས་ཁུལ་གྱི་བདེ་སྐྱོང་གནས་བབ་ལ་རྒྱུས་ལོན་ཡང་དག་བྱེད་རྒྱུ་རེད། དེ་དང་མཉམ་དུ། མཐའ་མཚམས་ཀྱི་མཉམ་འབྲེལ་བཅོས་སྐྱོང་ཐད་དམ་འཛིན་བྱས་ཏེ། མཐའ་མཚམས་ཀྱི་བདེ་འཇགས་ས་རྒྱུད་འཛུགས་སྐྲུན་བྱེད་རྒྱུ་རེད།