ཝང་ཅན་ཅོན་གྱིས་ཟི་ལིང་ས་ཁུལ་གྱི་རྒན་གསོ་ཞབས་ཞུའི་བྱ་བར་རྟོག་ཞིབ་བྱས།
2017.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཟི་ལིང་ས་ཁུལ་གྱི་རྒན་གསོ་ཞབས་ཞུའི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རྒན་གསོའི་གནད་དོན་ནི་ཁྱིམ་ཚང་ཁྲི་སྟོང་གི་བདེ་སྡུག་དང་འབྲེལ་ཡོད་ཅིང་། རྒན་གསོ་ཞབས་ཞུའི་བྱ་བ་ནི་དམངས་ཚིས་འགན་སྲུང་གི་ནང་དོན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་མི་གྲངས་ལོ་ལོན་ཅན་ལ་ཕྱོགས་ཚད་བསྟུད་མུར་ཇེ་མགྱོགས་སུ་འཕེལ་བཞིན་པའི་སྐབས་འདིར། རྒན་གསོ་ཞབས་ཞུའི་བྱ་བ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་རིམ་ཧྲིལ་བོའི་ཁྲོད་བཞག་ནས་བསྒྲུབ་དགོས་ཤིང་། རིགས་སོ་སོའི་མང་ཚོགས་ཕྱུག་འགྱུར་གྱི་མཐོ་ཚད་ནས་བསྡད་དེ་མཐོང་ཆེན་ཞིབ་ལྟ་བྱེད་དགོས། ཧུར་བརྩོན་ཆེན་པོས་མི་གྲངས་ལོ་ལོན་ཅན་གྱི་སྤྱི་ཚོགས་དང་ལོ་ལོན་ཅན་གྱི་མང་ཚོགས་ལ་ལྟ་སྟངས་ཡག་པོ་བཟུང་ནས། རྒན་གསོའི་ལས་དོན་དེ་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་འཕེལ་རྒྱས་སུ་བཏང་བ་བརྒྱུད། རྒན་པ་ཡོངས་ལ་རྒན་གསོ་བྱེད་ཐུབ་པར་འགན་སྲུང་ཡོད་དགོས་ཟེར།

ཝང་ཅན་ཅོན་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་ལྷོ་རིའི་ཤར་རྒྱུད་གཞིས་ཁུལ་གྱི་ལོ་ལོན་ལྟ་སྐྱོང་ལྟེ་གནས་དང་། མཁར་བྱང་ཆུའུ་མཚོ་སྔོན་ཞིང་ཆེན་རྒན་གསོ་དཔེ་སྟོན་རྟེན་གཞི། མཁར་བྱང་ཆུའུ་པའོ་ཅ་སྡེ་གྲོང་གི་རྒན་པའི་ཁྱིམ་ཚང་། མཁར་བྱང་ཆུའུ་མི་རིགས་ཕན་བདེ་གླིང་བཅས་སུ་སོང་ནས། རྒན་གསོའི་ལས་ཁུངས་ཀྱི་ཞབས་ཞུའི་སྒྲིག་ཆས་དང་ཞབས་ཞུའི་ཚད་གཞི། འཁོར་སྐྱོད་ཉོ་ཚོང་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འདུས་སྡོད་ལོ་ལོན་གྱི་འཚོ་བའི་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་བྱས། ཁོས་བསྟན་དོན། རྐྱེན་མང་ཅན་དང་རིམ་མང་ཅན། སྣ་མང་ཅན་བཅས་ཀྱི་རྒན་གསོ་ཞབས་ཞུའི་དགོས་མཁོར་ཁ་གཏོད་ཆེད་དང་། གནས་ཚུལ་གསར་བར་རུང་བསྟུན་དང་གནད་དོན་གསར་བར་ཞིབ་འཇུག་བྱེད་དགོས་ན། ཅིས་ཀྱང་དགོས་མཁོ་གསར་བར་ཞབས་ཞུ་གསར་བ་འདོན་སྤྲོད་བྱེད་དགོས་པ་དང་། སྲིད་གཞུང་གི་འདོན་སྤྲོད་འདུ་ཤེས་གསར་གཏོད་བྱེད་པ། སྲིད་གཞུང་གི་འགན་ནུས་བསྒྱུར་ཤུགས་ཇེ་མགྱོགས་སུ་གཏོང་བ་བཅས་ལ་འབད་དེ། སྲིད་བསྡུ་དང་དབང་གཏོང་གི་བྱ་བ་ཕྱི་བཤོལ་མེད་པའི་ངང་སྤེལ་དགོས། སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་རྒན་གསོ་ཞབས་ཞུའི་ཁྲོད་གནས་པའི་གཙོ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྒན་གསོའི་འཆར་འགོད་དང་ཐོན་ལས་འཕེལ་རྒྱས། ཞབས་ཞུའི་མ་ལག འཕེལ་རྒྱས་ཁོར་ཡུག ཞབས་ཞུའི་འགན་སྲུང་སོགས་ཀྱི་ཐད་ཇུས་འགོད་ལེགས་པོ་བྱས་ནས། རྒན་གསོའི་སྲིད་ཇུས་འཐུས་ཚང་ཅན་དུ་གཏོང་དགོས། རྒན་གསོ་ཞབས་ཞུའི་ལས་ཁུངས་ལ་རྒྱབ་སྐྱོར་དང་སྐུལ་ལྕག་ཆེན་པོ་གནང་དགོས། དོ་དམ་དང་ཞབས་ཞུ་ཚད་ལྡན་ཅན་དུ་གཏོང་བ་དང་རྒན་གསོའི་མ་དངུལ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་བརྒྱུད་ལམ་མང་པོ་ཞིག་གི་ངོས་ནས་རྒན་གསོ་ཞབས་ཞུའི་ཁྲོད་ཚུད་པར་སྐུལ་འདེད་བྱས་ནས། སྲིད་གཞུང་གི་མ་རྩའི་སྤྱོད་སྒོ་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། རྒན་གསོའི་སྐོར་གྱི་འཇོན་ཐང་མི་སྣ་གསོ་སྐྱོང་བྱས་ཏེ། རྒན་གསོ་ཞབས་ཞུ་དང་ཐོན་ལས་ཡར་ལྡན་དུ་སྤེལ་བ་གཉིས་ཟུང་དུ་སྦྲེལ་བའི་སྒོ་ནས་འཛིན་དགོས། ལས་རིགས་ཀུན་སྤྱོད་ལེགས་ཤིང་ལས་སྒྲུབ་ཆུ་ཚད་མཐོ་བ། ཞབས་ཞུའི་སྤུས་ཚད་བཟང་བ་བཅས་ཀྱི་རྒན་གསོ་ཞབས་ཞུའི་དཔུང་སྡེ་བཙུགས་ནས། རྒན་གསོའི་མཁོ་འདོན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒན་གསོ་ཞབས་ཞུའི་སྐོར་གྱི་ཞན་ཆ་དུས་ལྟར་གསབ་ནས། རྒན་གསོའི་མཁོ་འདོན་སྒྲིག་གཞིའི་གནད་ཕིགས་སྦྲེལ་མཐུད་མངོན་འགྱུར་བྱེད་དགོས། རྒན་གསོ་ཞབས་ཞུ་ལེགས་བཅོས་དང་རྒན་གསོ་ཞབས་ཞུའི་ནང་དོན་སྣ་མང་ཕུན་ཚོགས་ཅན་དུ་བསྒྱུར་མཐར། རྒན་གསོ་ཞབས་ཞུའི་ལས་རིགས་ཀྱི་རིམ་པ་མཐོར་འདེགས་གཏོང་བར་འབད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་དང་ཁྲོམ་ར་གཉིས་ཀྱི་སྟོབས་ཤུགས་བཀོལ་སྤྱོད་གང་ལེགས་བྱེད་པར། ཁྱིམ་ཚང་གི་སྡོད་གནས་རྨང་གཞིར་འཛིན་དགོས་པ་དང་། གཞིས་ཁུལ་གྱི་མངགས་བཅོལ་ལྟར་བསྒྲུབ་པ་དང་ལས་ཁུངས་ལ་ཁ་གསབ་བྱེད་གནས་སུ་བསྒྱུར་བ། སྨན་བཅོས་དང་རྒན་གསོ་གཉིས་གཞི་གཅིག་ཅན་གྱི་རྒན་གསོ་ཞབས་ཞུའི་མ་ལག་བཙུགས་ནས། རྒན་གསོ་ཞབས་ཞུའི་རྣམ་པ་གསར་བ་འཚོལ་སྙེག་དང་གསར་གཏོད་བྱེད་དགོས་ཤིང་། ཚད་གཞི་ཆེས་ཆེ་བའི་ངོས་ནས་རྒན་གསོའི་ཐོན་ཁུངས་བསྐྱར་གསོན་ཡོང་བར་འབད་དེ། རྒན་གསོའི་འདོན་སྤྲོད་རང་བདག་རྐྱེན་མང་ཅན་ཡར་ལྡན་དུ་སྤེལ་བ་དང་། མཚོ་ཤར་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་ཚོད་ལྟ་བྱེད་གནས་མགྱོགས་མྱུར་ངང་བསྒྲུབ་དགོས། མཚོ་སྔོན་ཡུས་ཅིན་ཡོན་བདེ་ཐང་རྒན་གསོའི་གྲོང་གི་ལས་གཞི་སོགས་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱད་དེ་རྒན་གསོའི་ལས་ཁུངས་བསྒྲུབ་དགོས་ལ། རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་ཁྱིམ་སྡོད་རྒན་གསོ་དང་གཞིས་ཁུལ་རྒན་གསོ་ཞབས་ཞུ་ཡར་ལྡན་དུ་སྤེལ་ནས། ཁྱིམ་སྡོད་དང་གཞིས་ཁུལ་གཉིས་ཕན་དང་། ཁྱིམ་དུ་ཡོང་ནས་ཞབས་ཞུ་བྱེད་པ་བཅས་ཟུང་དུ་སྦྲེལ་བའི་སྒོ་ནས། གཞིས་ཁུལ་གྱི་རྒན་གསོ་ཞབས་ཞུའི་རྣམ་གྲངས་ཆེར་བསྐྱེད་བྱས་ཏེ། ་ལོ་ལོན་རྒན་པར་གནད་ཕིགས་ཅན་དང་སྒེར་གཤིས་ཅན། ཆེད་ལས་ཅན་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་ཆེད། ཁྱིམ་ཚང་སོ་སོའི་སྒོ་ཁ་ནས་སེམས་བདེ་བག་ཕེབས་ངང་རྒན་གསོ་བྱེད་ཐུབ་པའི་བདེ་ཐང་གི་རྒན་གསོ་བསྒྲུབ་དགོས། རྒན་གསོ་ཞབས་ཞུའི་མགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་ནས། ལོ་ལོན་རྒན་པའི་བྱ་བ་དང་ལས་དོན། དཀའ་ངལ་བཅས་སེལ་རོགས་བྱེད་དགོས། ལོ་ལོན་རྒན་པར་རྟེན་ས་ཡོད་པ་དང་གསོ་མཁན་ཡོད་པ། སྤྲོ་སྣང་སྦྱིན་མཁན་ཡོད་པ། བདེ་འཇགས་སྐྲུན་མཁན་ཡོད་པ་བཅས་ཀྱི་རྒན་གསོའི་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་དགོས། ལོ་ལོན་རྒན་པར་བདེ་ཐང་སློབ་གསོ་སྤེལ་ནས། བདེ་ཐང་གི་འཚོ་བའི་གོམས་སྲོལ་ལེགས་པོ་གྲུབ་པར་བྱེད་དགོས་པ་དང་། རྒན་བཀུར་རྒན་གཅེས་དང་རྒན་པར་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གང་ལེགས་བྱས་ཏེ། ལོ་ལོན་རྒན་པའི་འཚོ་བ་སྤྲོ་སྣང་གིས་ཕྱུག་ཅིང་ཞབས་ཞུ་སྟབས་བདེ་ཅན་གྱིས་ཁྱབ་པ། ཁེ་དབང་མངོན་དུ་འགྱུར་ཐུབ་པ། ལོ་ལོན་རྒན་པའི་སྤྱི་ཚོགས་ཀྱི་གོ་གནས་ལ་བརྩི་བཀུར་ཡོད་པ་བཅས་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་བཟང་བོ་གཉེར་དགོས་ཟེར།
ཝང་ཞའོ་དང་ཁོང་ཡུང་། ཡང་ཧྥིན་ཁྲོན་བཅས་ཀྱིས་ཐེངས་འདིའི་བྱ་བར་རྟོག་ཞིབ་བྱེད་རོགས་བྱས།