མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་ལོ་ལོན་རྒན་པའི་ཁ་གསབ་རོགས་དངུལ་ཚད་གཞི་ཇེ་མཐོར་བཏང་།
2017.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཞི་བའི་ཚེས་གཅིག་ཉིན། གསར་འགོད་པས་དམངས་སྲིད་དམངས་ཕན་སྲིད་ཇུས་གསར་འགྱུར་འབྲེལ་གཏུག་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་ལོ་ལོན་རྒན་པར་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་ཇེ་མཐོར་བཏང་། ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ལོ་བདུན་ཅུའི་ཡན་གྱི་ལོ་ལོན་རྒན་པའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་སྔོན་གྱི་རྨང་གཞིའི་སྟེང་ཟླ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་ཉི་ཤུའི་ཇེ་མཐོར་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ལོ་བདུན་ཅུའི་ཡན་གྱི་ལོ་ལོན་རྒན་པ་འབུམ་གསུམ་དང་ཁྲི་གཅིག་ལྷག་གིས་དམངས་ཕན་སྲིད་ཇུས་འདི་ལོངས་སྤྱོད་བྱེད་རྒྱུ་རེད། ཐེངས་འདིའི་ལོ་ལོན་རྒན་པའི་ཁ་གསབ་རོགས་དངུལ་ཚད་གཞི་ཇེ་མཐོར་བཏང་བ་ནི་ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ་ལོ་ལོན་རྒན་པའི་ཁ་གསབ་རོགས་དངུལ་ཚད་གཞི་ཇེ་མཐོར་གཏོང་ཐེངས་བཞི་བ་རེད།

ཚད་གཞི་ཇེ་མཐོར་བཏང་རྗེས། ལོ་བདུན་ཅུ་ནས་ལོ་དོན་དགུ་བར་གྱི་ལོ་ལོན་རྒན་པར་མི་རེར་ཟླ་རེར་སྒོར་བརྒྱ་དང་བཅུའི་རོགས་དངུལ་སྟེར་བ་དང་། ལོ་བརྒྱད་ཅུ་ནས་ལོ་གྱ་དགུའི་བར་གྱི་ལོ་ལོན་རྒན་པར་སྒོར་བརྒྱ་དང་ཉི་ཤུའི་རོགས་དངུལ་སྟེར་བ་དང་ལོ་དགུ་བཅུ་ནས་གོ་དགུའི་བར་གྱི་ལོ་ལོན་རྒན་པར་སྒོར་བརྒྱ་དང་བཞི་བཅུའི་རོགས་དངུལ་སྟེར་བ། ལོ་བརྒྱའི་ཡན་གྱི་ལོ་ལོན་རྒན་པར་སྒོར་བརྒྱ་དང་བརྒྱད་ཅུའི་རོགས་དངུལ་སྟེར་རྒྱུ་ཡིན་པ་དང་། དཔག་རྩིས་བྱས་ན་ད་ལོའི་ལོ་ཧྲིལ་བོར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་བཞི་སྟེར་རྒྱུ་རེད།