མཚོ་སྔོན་ཞིང་ཆེན་གྱིས་ཕྱིན་ཆད་ཀྱི་ལོ་བཅུའི་རིང་གི་ཕྱུགས་སྐྱུར་རྩྭ་འདེབས་འཆར་འགོད་སྒྲིག་བཟོ་བྱས།
2017.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ་ཡི་རེ་བ་གཞིར་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་པ་དང་འཛུགས་སྐྲུན་ལས་འགན་དང་བཅོས་སྐྱོང་དམིགས་འབེན་གཏན་ཁེལ་བྱེད་པ། དོན་དངོས་དང་མཐུན་པའི་སྒོ་ནས་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཉམ་དུ་ཕྱུགས་སྐྱུར་རྩྭ་འདེབས་བཟོ་སྐྲུན་དང་སྐྱེ་ཁམས་བྱ་དགའི་ཁ་གསབ་སྲིད་ཇུས། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ། གནད་ཕིགས་དབུལ་སྐྱོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་བྱེད་པར་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྨང་གཞིའི་སྟེང་རྫོང་རིམ་པའི་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་འཆར་འགོད་ཞེ་གཅིག་དང་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་འཆར་འགོད་ཅེས་པ་སྒྲིག་བཟོ་བྱས།

འཆར་འགོད་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པ་དང་རྩྭ་ཐང་གི་སྤང་ཤུན་སླར་གསོ་བྱེད་པ་དེ་མགོ་རྩོམ་ས་དང་རྐང་འཛུགས་ས་བྱས་ཏེ་ཁྱོན་ཡོངས་ནས་ཉིས་སྟོང་གསུམ་ལོའི་ཚུན་གྱི་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་སྐྱུར་རྩྭ་འདེབས་བཟོ་སྐྲུན་ལག་བསྟར་བྱས་པའི་གནས་ཚུལ་ལ་སྤྱི་སྡོམ་བྱས་པ་དང་གཟབ་ནན་གྱིས་ཕྱིན་ཆད་ཀྱི་ལོ་བཅུའི་རིང་གི་གཞི་རྩའི་བསམ་ཕྱོགས་དང་དམིགས་འབེན་གཙོ་བོར་ཞིབ་འཇུག་བྱས་ལ། འཛུགས་སྐྲུན་གཙོ་བོའི་ནང་དོན་དང་ཁུལ་ཁོངས་ཀྱི་རྣམ་པ་གཏན་ཁེལ་བྱས་ནས་སྔར་ཡོད་ཀྱི་ཕྱུགས་ར་དང་མིས་བཟོས་་གཟན་རྩྭ་འདེབས་གནས། ས་ནག་ཐང་བཅོས་སྐྱོང་། དུག་རྩྭ་བཅོས་སྐྱོང་སོགས་ཀྱི་རྨང་གཞིའི་སྟེང་རྩྭ་ས་བཅོས་སྐྱོང་དང་ཨ་བྲའི་གནོད་པ་འགོག་བཅོས་བྱེད་པ་སོགས་འཛུགས་སྐྲུན་ལག་གཞི་གསར་དུ་བསྣན།

རྒྱུས་ལོན་བྱུང་བ་ལྟར་ན། ཕྱིན་ཆད་མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་འཆར་འགོད་གཞིར་བཟུང་ནས་ལོ་རེའི་འཛུགས་སྐྲུན་ལས་འགན་སྙན་ཞུ་བྱེད་པ་དང་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་བརྩོན་ལེན་བྱེད་པ། བཟོ་སྐྲུན་ལག་བསྟར་བྱེད་པ་དེ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་རོགས་སྐྱོབ་བྱ་དགའི་སྲིད་ཇུས་དང་འབྲེལ་མཐུད་བྱས་པ་བརྒྱུད་ནས་ནུས་ཡོད་སྒོས་ལས་གཞི་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་ཇེ་ཞན་དུ་འགྲོ་བར་འགོག་བཅོས་བྱེད་པ་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།