ད་ལོར་མཚོ་སྔོན་ཞིང་ཆེན་གྱི་དམངས་ཕན་བྱ་བར་མ་དངུལ་གཏོང་ཤུགས་བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་བྱུང་། གསར་འགོད་པས་མཚོ་ཞིང་ཆེན་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་ཕན་བྱ་བར་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་བདུན་བཏང་བ་དང་། གྲངས་འབོར་དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཅིག་གིས་ཇེ་མང་དུ་འཕར། དེའི་ཁྲོད་དུ་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་ཕན་བདེ་ལས་རིགས་བཅས་ཀྱི་ཐད་མ་དངུལ་བཏང་བ་ལོ་སྔོན་མ་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་དྲུག་གིས་ཇེ་མང་དུ་འཕེལ་བར་མ་ཟད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་བཏང་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་གི་ས་ཇེ་མང་དུ་འཕར།
ལོ་གཅིག་གི་འཆར་གཞི་མཐའ་དག་དཔྱིད་མགོ་ཚེས་པ་ནས་མགོ་རྩོམ་པ་ཡིན་ལ། དེ་ནི་ལོ་ཧྲིལ་བོའི་དམིགས་འབེན་མངོན་དུ་འགྱུར་བར་སྟ་གོན་བྱེད་པའི་གནད་འགག་གི་དུས་ཚིགས་ཤིག་ཀྱང་ཡིན། བསྡོམས་རྩིས་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་གཉིས་པའི་བར་དུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་གཅིག་བཏང་ཟིན་ལ། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་བདུན་གྱིས་ཇེ་མང་དུ་འཕར་ནས། ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་རྒྱུ་ནོར་དངུལ་གཏོང་གནས་བབ་ལ་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་མངོན། དེ་མིན་ད་དུང་ལས་གཞི་འཛུགས་སྐྲུན་བྱ་བ་བདེ་ལེགས་ངང་སྤེལ། ཟླ་དང་པོ་ནས་གཉིས་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་མ་དངུལ་སྒོར་འབུམ་ལྔའི་ཡན་གྱི་བརྟན་འཇགས་རྒྱུ་ནོར་དངུལ་གཏོང་ལས་གཞིའི་ཁྲོད་དུ། བསྐྱར་དུ་ལས་མགོ་བརྩམས་པའི་ལས་གཞི་བརྒྱ་དང་ཉེར་བདུན་ཡོད་ཅིང་། ལས་གཞི་བསྐྱར་དུ་མགོ་རྩོམ་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་ལ་སླེབས་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་ཡིས་ཇེ་མང་དུ་འཕར། མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་བཞི་བཏང་ཟིན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་ཀྱིས་ཇེ་མང་དུ་འཕར། ལས་གཞི་དེ་དག་གི་ཁྲོད་དུ། མ་དངུལ་སྒོར་དུང་ཕྱུར་ཡན་གྱི་ལས་གཞི་སྒྲུབ་མགོ་བརྩམས་པ་གྱ་དྲུག་ཡོད་ཅིང་། ལས་གཞི་མགོ་རྩོམ་ཚད་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་བདུན་ལ་སླེབས་ནས་ལོ་སྔོན་མའི་དམིགས་ཚད་དང་འདྲ། དེའི་ཐད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་བྱེ་བ་གཉིས་ས་ཡ་བདུན་བཏང་ཟིན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་གཅིག་གིས་ཇེ་མང་དུ་འཕར། ཐོན་ལས་གསུམ་པའི་དངུལ་གཏོང་གི་ཟིན་ཚད་ཅུང་མཐོ། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཐོན་ལས་གསུམ་པར་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་བཞི་བཏང་ཟིན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་བཞི་ཡིས་ཇེ་མང་དུ་འཕར་ནས། དེའི་སྤྱི་ཚོགས་བརྟན་འཇགས་རྒྱུ་ནོར་དངུལ་གཏོང་གི་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་གཉིས་ཟིན།