ཟླ་བཞི་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་འབྲེལ་ཡོད་ཀྱི་གྲོས་ཚོགས་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་གྱི་དངུལ་གཏོང་ལམ་ལུགས་བཅོས་སྒྱུར་དང་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་འཆར་འགོད། གནས་བབ་གསར་བའི་འོག་གི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་ཐབས་སྐོར་ལ་ཞིབ་འཇུག་བྱས་པར་མ་ཟད། ཐེངས་རྗེས་མའི་སྐོར་ཞིབ་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་དངུལ་གཏོང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། ལག་བསྟར་བསམ་འཆར་གྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་མཛུབ་སྟོན་བསམ་བློར་འཛིན་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་བ་བཅས་ཀྱི་སྒོ་ནས། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་མངོན་དུ་འཇུག་རྒྱུ་ནི། མཚོ་སྔོན་གྱི་དངུལ་གཏོང་ལམ་ལུགས་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བའི་ཡིག་ཆ་གལ་ཆེན་ཞིག་ཡིན། གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པར་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་དང་། འཕེལ་རྒྱས་འདུ་ཤེས་གསར་བ་དངོས་འབེབས་དང་ཡིད་ལ་དམ་པོར་འཛིན་པ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བསྙེག་པའི་བྱ་བ་ཡིད་ལ་བརྗེད་མེད་ཉར་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ཤུགས་ཆེན་པོས་སྤེལ་བ། འཕེལ་རྒྱས་དང་འབྲེལ་བའི་ཞན་ཆ་དུས་ལྟར་གསབ་པ་བཅས་ལ་འབད་མཐར། དངུལ་གཏོང་བྱ་བའི་ཕན་འབྲས་རང་བཞིན་དང་གནད་ཕིགས་རང་བཞིན་ཇེ་མཐོར་གཏོང་དགོས་ཟེར།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་ཉིད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཆར་འགོད་ཁྲོད་ཚུད་པར་བྱེད་ཐབས་སྐོར་ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་ཞིག་ཡིན་པ་དང་། ཏན་ཏན་ཏིག་ཏིག་བཞིའི་ཐབས་ཇུས་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པར་མ་ཟད། ས་གནས་འཕེལ་རྒྱས་འཐབ་ཇུས་རྒྱལ་ཁབ་འཐབ་ཇུས་ཁྲོད་སིམ་འདྲེས་ཡོང་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་སྐོར་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་རང་འགུལ་རང་སྐུལ་བྱས་ཏེ། བྱ་བའི་ལས་རིམ་ཁག་ཚང་མ་ཟབ་གསལ་མྱུར་ངང་སྤེལ་དགོས་ཟེར།
གྲོས་ཚོགས་ལས་གནས་བབ་གསར་བའི་འོག་གི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བརྒྱུད་ནས་གྲོས་འཆམ་བྱུང་བ་ལས་གཞན། ཀྲུང་དབྱང་སྐབས་བཅོ་བརྒྱད་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཐེངས་བཅུ་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཆེད་དམིགས་སྐོར་ཞིབ་བྱེད་ཐེངས་བཅུ་བའི་གནས་ཚུལ་དང་། གཅིག་བསྡུས་སྒོས་སྤྱི་སྡོམ་སྐོར་ཞིབ་བྱེད་པའི་སྐོར་གྱི་ཐབས་ཇུས་སྙན་ཞུར་ཉན།