ཟླ་བཞི་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་གིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། གྲོས་ཚོགས་ལས་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཡོངས་ཀྱི་གནོད་འགོག་གནོད་སེལ་བྱ་བར་སྤྱི་སྡོམ་བྱས་པ་དང་། གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་ཡག་པོ་བྱས་པར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་གཙོ་གནད་བྱ་བའི་འགན་འཁྲིར་ཞིབ་འཇུག་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་ཀྱི་གནས་སྟངས་དགོས་མཁོ་དཀྱིལ་སྙིང་དུ་བཟུང་ནས། ཁ་གཏད་རང་བཞིན་གསལ་བའི་སྒོ་ནས་སྒྲིག་འཛུགས་ལམ་ལུགས་ཀྱི་ཐོད་བརྒལ་གནད་དོན་ལ་ཤུགས་རྐྱེན་བཟོ་དགོས་པ་དང་། རྨང་རྐང་བརྟན་པོའི་ངང་ལས་རིམ་ཁག་སོ་སོའི་བཅོས་སྒྱུར་ཐབས་ཇུས་དངོས་འབེབས་བྱ་བ་བདེན་གཉེར་དངོས་འབེབས་བྱས་ཏེ། ཤུགས་ཆེན་པོས་ཕྱོགས་བཞིའི་ཐད་ཀྱི་བྱ་བ་དམ་པོར་འཛིན་དགོས། སྔར་ལས་ལྷག་པའི་སྒོ་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལམ་ལུགས་ཀྱི་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཉེན་ཚབས་བྱུང་རྐྱེན་གཙོ་བོའི་གནོད་འཚེ་ཐེབས་ཚད་ཇེ་ཉུང་དུ་གཏོང་བ་དང་གནོད་འགོག་བྱེད་པ། གནོད་སྐྱོབ་བྱེད་པ་བཅས་ཀྱི་བཀོད་འདོམས་ལས་ཁུངས་ཀྱི་འགོག་སྲུང་དཔེ་སྟོན་བཀོད་སྒྲིག་བྱེད་ནུས་དང་མཁོ་བསྟུན་མྱུར་སྒྲུབ་ཀྱི་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ས་ཁོངས་རང་གི་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་ཅན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་ཁྲོམ་རའི་ཟབ་ཞུགས་ལམ་ལུགས་སྔར་ལས་འཐུས་ཚང་ཅན་དུ་གཏོང་བར་འབད་མཐར། ཁྱོན་ཡོངས་ནས་ཕྱོགས་བསྡུས་གནོད་སེལ་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྨང་རྐང་བརྟན་པོའི་ངང་ཉིས་སྟོང་བཅུ་བདུན་ལོའི་གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་ཀྱི་ལས་རིམ་ཁག་སོ་སོ་བཟང་བོར་བསྒྲུབ་དགོས་ན། ཅིས་ཀྱང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གནོད་འགོག་དང་གནོད་སེལ་འཆར་འགོད་ཅེས་པ་དང་། མཚོ་སྔོན་ཞིང་ཆེན་རང་བྱུང་གནོད་འཚེ་མྱུར་སྐྱོབ་མཁོ་སྒྲུབ་འཆར་གཞི་གཉིས་མགྱོགས་མྱུར་ངང་དོན་འཁྱོལ་གང་ལེགས་བྱེད་དགོས་ཤིང་། རིགས་སོ་སོའི་རང་བྱུང་གནོད་འཚེ་སྔོན་འགོག་ནུས་པ་ཁ་མིན་དོན་གྱིས་ཇེ་མཐོར་བཏང་ནས། མཁོ་བསྟུན་མྱུར་སྒྲུབ་ཀྱི་ལས་རྐང་སྲུང་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཆར་བ་དང་ཆུ། ཆུ་ལོག ས་འགུལ། གནོད་འཚེ་བཅས་ཀྱི་གནས་ཚུལ་ལ་དོ་སྣང་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་དང་ནང་ཆེན་རྫོང་གཉིས་ཀྱི་ས་འགུལ་གནོད་ཐེབས་བསྐྱར་འཛུགས་བྱ་བ་སྤེལ་མགོ་བརྩམས་པ་དང་། ད་ལོའི་ལོ་མཇུག་བར་དུ་ཁྱོན་ཡོངས་ནས་གནོད་ཐེབས་བསྐྱར་འཛུགས་འགན་འཁྲི་ཡོངས་འགྲུབ་ལ་བརྩོན་ལེན་བྱེད་རྒྱུ་རེད། ཤུགས་ཆེན་པོས་གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་ཀྱི་རྨང་གཞིའི་ནུས་ཤུགས་ཇེ་ཆེར་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཕྱོགས་བསྡུས་གནོད་འགོག་དང་གནོད་སེལ་འཆར་འགོད་སྣེ་སྟོན་དུ་བཟུང་ནས། བར་མ་ཆད་པའི་སྒོ་ནས་གནོད་འགོག་དང་གནོད་སེལ་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ནས། གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་ཀྱི་དྲིལ་སྒྲོག་སློབ་གསོ་ཤུགས་ཆེན་པོས་བསྒྲུབ་དགོས་ཟེར།