ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཉིས་སྟོང་བཅུ་བདུན་ལོའི་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭ་དག་གི་མ་མཐའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པར་སྐོར་དང་པོའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་བདུན་བྱིན། ཐེངས་འདིའི་སློབ་གསོའི་དབུལ་ཐར་མ་དངུལ་གཏོང་ཡུལ་གཙོ་བོ་ནི་མུ་འབྲེལ་དབུལ་ཕོངས་ས་ཁུལ་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་འགན་འཁྲི་ལྕི་བའི་ས་ཁུལ་ཡིན་ལ། ཞིང་ཆེན་ནོར་སྲིད་ཐིན་གྱིས་ད་སྔའི་བར་དུ་སློབ་སྒྲུབ་ཆ་རྐྱེན་ཞན་པའི་སློབ་གསོའི་ཐད་ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ཁྲི་ལྔ་བཏང་།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དབུལ་སྐྱོར་མཁྲེགས་གཏོར་བྱ་བས་ལོ་བཞིའི་ནང་དུ་ཕྱོགས་བསྡུས་སྒོས་མཁྲེགས་གཏོར་བྱེད་པ་དང་། ལོ་གཅིག་གི་ནང་དུ་ཇེ་བརྟན་ཇེ་ལེགས་སུ་གཏོང་བའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ཞིང་། སློབ་གསོ་དབུལ་ཐར་བྱ་བ་ཇེ་མགྱོགས་སུ་བཏང་ནས། དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་དག་ལ་གཞན་དང་འདྲ་ཞིང་སྤུས་ཚད་མཐོ་བའི་སློབ་གསོ་མྱང་དུ་འཇུག་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ་དང་མི་རེ་རེར་ཁྱབ་དགོས་པ་རྩ་དོན་དུ་བཟུང་ནས། དངུལ་ཕོངས་མི་སྣའི་སློབ་གསོ་མྱོང་བའི་ལོ་ཚད་དང་ངལ་རྩོལ་པའི་རྩལ་ནུས་སོགས་ཇེ་མཐོར་གཏོང་བ་བྱ་བའི་གནད་སར་བཟུང་བ་བརྒྱུད་དེ། སྡེ་བ་རེ་རེ་དང་མི་རེ་རེར་ཕན་བདེ་སྐྲུན་ཐུབ་པའི་སློབ་གསོའི་གནད་ཕིགས་དབུལ་ཐར་མ་ལག་སྐྲུན་རྒྱུ་རེད།
ཤེས་གསལ་ལྟར་ན། ཐེངས་འདིའི་མ་དངུལ་ནི་ཞིང་ཆེན་ཡོངས་ནས་སློབ་གྲྭ་སུམ་བརྒྱ་དང་བཅོ་བརྒྱད་གསར་དུ་འཛུགས་པ་དང་། སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་དྲུག་བརྒྱ་ལྷག་རྒྱ་བསྐྱེད་པ། སློབ་གྲྭའི་ལུས་རྩལ་ར་བ་ཁྱོན་བསྡོམས་སྨི་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དགུ་སྟོང་བཞི་འཛུགས་སྐྲུན་བྱེད་པ། དབུལ་ཐར་རྫོང་བཅུ་གཅིག་དང་འོས་འགན་སློབ་གསོ་འཕེལ་རྒྱས་དོ་མཉམ་ཡིན་པའི་རྫོང་བཅུ་གསུམ་ལ་ཚད་གཞི་ལྟར་འབྲེལ་ཡོད་ཀྱི་སློབ་གསོའི་སྒྲིག་ཆས་ཁ་སྣོན་བྱེད་པ་བཅས་ཀྱི་ཐད་བཀོལ་རྒྱུ་རེད། གཞན་འཛིན་གྲྭ་ཁ་ཤས་ལ་སློབ་མ་མང་དྲགས་པའི་གནད་དོན་ཡང་ཐག་གཅོད་བྱེད་རྒྱུ་རེད།