མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2017.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། གནོན་ཤུགས་ནི་སྒུལ་ཤུགས་ཡིན་པ་དང་འོས་འགན་ནི་ཁག་ཁུར་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས། དམིགས་འབེན་གླེང་ཕྱོགས་དང་གནད་དོན་ཐག་གཅོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་བློ་སེམས་གཅིག་སྒྲིལ་སྒོས་རིམ་པ་རེ་རེར་གནོན་ཤུགས་ཆད་མེད་དུ་སྤྲད་དེ། ཁ་མིན་དོན་གྱིས་བྱེད་ཕྱོགས་བསྒྱུར་ནས། མི་དམངས་མང་ཚོགས་ཀྱི་བརྩེ་བ་ཟབ་མོ་སེམས་ལ་བཅངས་ཏེ། ཏན་ཏན་ཏིག་ཏིག་སྒོས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་མཐར། སྤུད་ཚད་མཐོ་བའི་ངང་ལོ་ཧྲིལ་བོའི་དབུལ་ཐར་འོས་འགན་ཡོངས་འགྲུབ་ཐད་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཕན་འབྲས་དཔྱད་ཞིབ་གནས་ཚུལ་གྱི་སྙན་ཞུར་གསན་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་གནས་པའི་གནད་དོན་འབུར་ཐོན་ཅན་དང་ལེགས་སྒྲིག་བསམ་འཆར། བྱེད་ཐབས་གྲོས་གཞི་བཅས་ཀྱི་སྙན་ཞུར་ཉན་པར་མ་ཟད། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་མཚོ་སྔོན་གྱི་གནད་ཕིགས་དབུལ་སྐྱོར་བྱ་བར་འཕྲད་བཞིན་པའི་གནས་བབ་དང་འགན་འཁྲི། བྱེད་ཐབས་བཅས་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་མོ་བྱས།

ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ནི་ང་ཚོའི་ཕྱིས་འབྱུང་གི་དུས་ཡུན་གང་འཚམ་རིང་དབུལ་སྐྱོར་གསར་སྤེལ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་ཟབ་སྤེལ་བྱེད་པའི་གཞི་རྩའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་ཡིན། ང་ཚོས་དེར་སློབ་སྦྱོང་ནན་ཏན་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། དགོངས་དོན་དེ་ཉིད་བསམ་བློའི་ནང་ནུས་སུ་འགྱུར་བར་བྱེད་པ་དང་ཕྱིའི་ལག་ལེན་དངོས་སུ་བསྒྱུར་ནས། བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་གི་ཇུས་ཆོད་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་སྟེང་གཅིག་གྱུར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གོམ་རྗེས་ཇི་བཞིན་དུ་འདེད་པ་དང་། ཏང་ཀྲུང་དབྱང་གི་དབྱངས་འགྲོས་དང་ཇི་བཞིན་བསྟུན་ནས། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚོར་ཤེས་རྣོན་པོ་ཇེ་དྲག་ཏུ་བཏང་ནས། གྲུབ་འབྲས་དང་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་དགོས། གནས་བབ་དང་འགན་འཁྲིར་གོ་བ་མ་ནོར་བ་བླངས་ཏེ། འགན་འཁྲིའི་འདུ་ཤེས་དང་རེ་བཅོལ་འདུ་ཤེས། ཉེན་ཚབས་ཀྱི་འདུ་ཤེས། ཏང་གི་ལས་དོན་ལ་འགན་འཁྲི་མཐོན་པོ་འཛིན་པ་དང་མི་དམངས་མང་ཚོགས་ལ་བརྩེ་བ་ཟོལ་མེད་བཅངས་པ་བཅས་ཀྱི་སྒོ་ནས། དབུལ་ཐར་མཁྲེགས་གཏོར་བྱ་བ་དམ་འཛིན་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་བསམ་སྦྱོར་དུ་འགྱུར་བར་བྱས་མཐར། ཚད་གཞི་མཐོ་ཞིང་སྤུད་ཀ་ལེགས་པོའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ནན་ཏན་སྒོས་གནད་ཕིགས་དབུལ་སྐྱོར་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་གནད་དོན་ཐག་གཅོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྱབ་ཁོངས་གཙོ་བོ་དང་ལས་རིམ་གཉོམ་ཞན་ཅན་གཅིག་བསྡུས་བྱས་ཏེ། དོ་དམ་ལམ་ལུགས་འཐུས་ཇེ་ཚང་དུ་གཏོང་དགོས་ཤིང་། གནད་དོན་ཞིབ་ཕྲ་སྒོས་དམ་འཛིན་དང་ཞིབ་ཕྲའི་གནད་དོན་དམ་པོར་བཟུང་ནས། གོམ་གང་མདུན་སྤོས་སྒོས་ལེགས་སྒྲིག་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས། ནན་ཏན་གྱི་བསམ་བློའི་འཁྱེར་སོ་བཟུང་ནས། ཟུར་བསྟན་ལེབ་མཐོང་དང་གནག་ཐོག་གཙག་འཁེལ་གྱི་ཞུམ་མེད་སྙིང་སྟོབས་བཅངས་ཏེ། དུས་ཡུན་སྐར་ཆ་རེ་རེ་ཡང་ཆུད་ཟོས་སུ་མི་གཏོང་བ་དང་རང་གི་བྱེད་རྩོལ་དངོས་ལ་བརྟེན་པའི་བྱེད་ཕྱོགས་ལྟར། ལོ་རེ་རེ་དང་ཟླ་རེ་རེ། ཉིན་རེ་རེར་བྱ་བསྒྲུབ་དགོས། མགོ་ཁྲིད་ལས་བྱེད་པས་རང་ཉིད་ཀྱི་དབུལ་སྐྱོར་རོགས་རམ་བྱེད་གནས་ཀྱི་ལྟ་སྐུལ་སྣེ་སྟོན་དང་རྟོག་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། གཞི་རིམ་དུ་མངགས་པའི་ལས་བྱེད་པས་སྡེ་བར་སྡོད་པའི་བྱ་བ་བཟང་བོར་བསྒྲུབ་ནས། ཕྱོགས་སོ་སོའི་སེམས་ཤུགས་ཚང་མ་གཅིག་སྒྲིལ་དང་འགན་འཁྲི་དོན་གནས་ཡོང་བར་འབད་དེ། ཏང་གི་སྲིད་ཇུས་བྱེད་ཕྱོགས་རྣལ་མ་མང་ཚོགས་ཀྱི་ཁྱིམ་དུ་ཇི་མ་ཇི་བཞིན་དུ་བསྐྱལ་ནས། དབུལ་སྐྱོར་བྱེད་ཡུལ་གྱི་བརྩོན་སེམས་ཆེ་རུ་བསྐྱེད་མཐར། དབུལ་སྐྱོར་བྱ་བའི་ལས་རིམ་ཁག་ཚང་མ་བདེན་གཉེར་དོན་གནས་ཡོང་བར་བྱེད་དགོས། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་ཡར་སྐུལ། གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་བཅས་ལ་འབད་དེ། བྱ་བའི་ལམ་ལུགས་ཀྱི་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ལ། གཞི་གསུམ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་མཐར། བར་མ་ཆད་པའི་སྒོ་ནས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་པར་མཁོ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། འབྲེལ་མཐུད་སྙོམ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་དང་པུའུ་ཡི་འབྲེལ་གཏུག་བྱ་བར་ཤུགས་བསྣན་ཏེ། ཕྱོགས་སོ་སོའི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་མགོ་འཛིན་གཏམ་བཤད་སྤེལ་སྐབས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་བཏོན། ཁོས་བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན། གནོན་ཤུགས་རིམ་པར་སྤྲོད་པ། མཁྲེགས་གཏོར་ཁྱད་གསོད། གནད་དོན་ཐག་གཅོད་ཀྱི་ཁ་ཕྱོགས་འབུར་ཐོན་ཡོང་བར་བྱེད་པ། རང་འགན་ཕྲག་སྟེང་དུ་ལེན་ཕོད་པ། སྒྲིག་ཁྲིམས་བླང་བྱ་གཟབ་ནན་ཅན་དུ་གཏོང་བ་བཅས་ལ་འབད་དེ། ནན་ཏན་སྒོས་ལས་རིམ་ཁག་སོ་སོའི་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དུ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་བྱ་བ་དངོས་དང་ཟུང་དུ་སྦྲེལ་ནས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་སྤེལ་བ་དང་།  བསམ་འཆར་དང་གྲོས་གཞི་བཏོན།

ཝང་ཡུས་པའོ་དང་ཡན་ཅིན་ཧེ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།