མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བཏང་ནས་ཞིང་སྡེའི་གློག་དྲའི་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།
2017.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་ནས་སྐོར་གསར་བའི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་འཕར་བཟོ་སྐྲུན་ལག་བསྟར་བྱས་ཏེ། གཙོ་བོ་དབུལ་ཕོངས་སྡེ་བ་དང་གནས་སྐོར་དབུལ་སྐྱོར་ལས་གཞིའི་གློག་བཀོལ་བའི་གནད་དོན་ཐག་གཅོད་རྒྱུ་རེད།

འབྲེལ་ཡོད་མགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟིས་དབུལ་ཕོངས་སྡེ་བ་ཉིས་བརྒྱ་དང་ཉེར་གསུམ་གྱི་གློག་དྲ་བསྒྱུར་བཀོད་རིམ་སྤོར་བྱེད་རྒྱུ་མ་ཟད། ས་གནས་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་གནས་སྐོར་ལས་གཞི་བཞི་བརྒྱ་དང་ང་དགུའི་གློག་འདོན་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་གློག་ཤུགས་ཀུང་ཟིས་ཉིས་སྟོང་བཅུ་དྲུག་ལོར་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ཀྱི་ད་ལྟའི་གློག་དྲ་ལ་ཞིབ་བཤེར་བྱས་པ་མ་ཟད། འབྲེལ་ཡོད་གློག་དྲའི་ལས་གཞིའི་དགོས་མཁོ་ཡོངས་རྫོགས་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གློག་དྲའི་འཆར་འགོད་ཁྲོད་དུ་བཞག ལོ་དེར་མཚོ་སྔོན་གློག་ཤུགས་ཀུང་ཟིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་བཏང་ནས། སྡེ་བ་ཉིས་བརྒྱ་དང་རེ་གཅིག་ལ་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་ལག་བསྟར་བྱས།

འཆར་གཞི་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟིས་མ་དངུལ་སྒོར་ཐེར་འབུམ་གསུམ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་སྡེ་བར་གློག་དྲ་བསྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་ལག་བསྟར་བྱས་ཏེ། གློག་འདོན་ས་ཁུལ་གྱི་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བའི་གློག་གནོན་དམའ་བའི་གནད་དོན་སོགས་ཐག་གཅོད་རྒྱུ་རེད།