མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་དབུལ་ཐར་གཞུང་ལམ་འཛུགས་སྐྲུན་ཐད་ནས་ལས་གཞི་བཅུ་གསུམ་ལག་བསྟར་བྱེད་རྒྱུ་རེད།
2017.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ས་ཁུལ་ཡོངས་ཀྱི་དབུལ་ཐར་བྱ་བ་ལེགས་འགྲུབ་ཡོང་བ་དང་། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་འདེགས་སྐྱོར་ནུས་ཤུགས་ཆེ་རུ་གཏོང་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་ཞུ་ཡང་ཡང་ཕུལ་ཏེ། རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ཞིང་སྡེའི་དབུལ་སྐྱོར་གཞུང་ལམ་འཛུན་སྐྲུན་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་བརྩོན་ལེན་བྱས་མཐར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་བྱིན། རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་དུ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། མཚོ་ཤར་ས་ཁུལ་དང་རྨ་ལྷོ། མཚོ་བྱང་། མཚོ་ནུབ། ཡུའུ་ཧྲུའུ། མགོ་ལོག་སོགས་ལ་ཞིང་སྡེའི་དབུལ་སྐྱོར་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ལས་གཞི་བཅུ་གསུམ་བསྒྲུབ་རྒྱུ་ཐག་བཅད། ཐེངས་འདིའི་གཞུང་ལམ་འཛུགས་སྐྲུན་བྱེད་ཚད་སྤྱི་ལེ་ཉིས་བརྒྱ་དང་གྱ་དྲུག་ལ་སླེབས་ཡོད་པ་དང་། ལས་གཞིའི་རྣམ་གྲངས་ཐད་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་གཏོང་རྒྱུ་རེད།

ཞིང་སྡེའི་དབུལ་སྐྱོར་གཞུང་ལམ་འཛུགས་སྐྲུན་བྱེད་པར་ལས་གཞིའི་རྣམ་གྲངས་བཅུ་གསུམ་ལག་བསྟར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་དབུལ་ཕོངས་ས་ཁུལ་གྱི་འགྲིམ་འགྲུལ་ཐད་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ་པ་དང་། ས་གནས་ཁག་གི་ཐོན་ལས་འཕེལ་རྒྱས་ལའང་འདེགས་སྐྱོར་ཆེན་པོ་བྱེད་ཐུབ་པར་མ་ཟད། ཞིང་སྡེའི་མང་ཚོགས་ཀྱི་འགྲོ་འོང་ཐད་སྟབས་བདེ་ཆེན་པོ་བསྐྲུན་ནས། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་དབུལ་ཐར་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཐུབ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་གསུམ་ལྷག་གཏོང་རྒྱུ་དང་། ཁྱོན་བསྡོམས་རིང་ཚད་ལ་སྤྱི་ལེ་སྟོང་དྲུག་ལྷག་གི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་ཞིག་གསོ་བྱེད་རྒྱུ་ཡིན་པར་མ་ཟད། མང་ཚོགས་ལ་སྟབས་བདེ་བསྐྲུན་ཐུབ་པའི་ཟམ་པ་ཉིས་བརྒྱ་གསར་འཛུགས་བྱེད་རྒྱུ་ལས་གཞན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཆེན་སྲིད་གཞུང་གིས་རྫོང་བཅུ་གཅིག་དང་དབུལ་ཕོངས་སྡེ་བ་ལྔ་བརྒྱ་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུར་གཏན་འཁེལ་བཟོས་ཡོད་པའི་ས་ཆ་དེ་དག་མངའ་ཁོངས་ཀྱི། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་འབད་རྒྱུ་རེད།