ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཐུས་མི་དང་ལྷན་དུ་བཞུགས་མོལ་གྲོས་ཚོགས་བསྡུས།
2017.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཐུས་མིའི་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་བསྟན་དོན། རྒྱ་ཆེ་བའི་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ཁེ་ལས་པ་རྣམས་ཀྱིས་མཚོ་སྔོན་ལ་རེ་ལྟོས་ཆེན་པོ་བཅངས་ཡོད་ཅིང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཛད་སྤྱོད་པའི་སེམས་ཁམས། ལས་རིགས་ཁྱབ་ཁོངས་ཀྱི་རིན་ཐང་། ཐོན་རྫས་དཀོན་པའི་གནད་དོན་བཅས་ལ་ཞིབ་འཇུག་དོ་སྣང་བྱེད་དགོས་པར་མ་ཟད། ཆ་འཕྲིན་དང་ཡིད་རྟོན་ལ་དོ་སྣང་ཤུགས་ཆེན་བྱས་ཏེ། ཁེ་ལས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་བརྒྱུད། མཚོ་སྔོན་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་དུ། སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་འཐུས་མི་ཆའོ་ཅིས་ཧྭ་དང་ཧྭན་ཏུང་། ཡུས་ཁྲོའུ་ཆང་། ཡང་ཧྲི་རུང་། བཀྲ་ཤིས་ཚེ་སྐྱིད། ལིས་མེན་བཅས་ཀྱིས་གཏམ་བཤད། ཝང་ཅན་ཅོན་གྱིས་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། གཙོ་གནད་ཟིན་ཐོར་བཀོད་དེ་གཏམ་བཤད་པ་རེ་རེར་གཏམ་ལན་བྱིན་ནས་བསམ་ཚུལ་བརྗེ་རེས་བྱས།

ཝང་ཅན་ཅོན་གྱིས་ཐོག་མར་ཉེ་བའི་ལོ་འདི་དག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་མྱོང་བའི་རྒྱ་ཆེ་བའི་སྤྱི་ལ་དབང་བ་མ་ཡིན་པའི་འཐུས་མི་རྣམས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ཆུང་བ་ནས་ཆེ་བའི་བར་དང་ཉུང་བ་ནས་མང་པོའི་བར། ཞན་པ་ནས་དྲག་པོའི་བར་དུ། རིམ་བཞིན་དབུལ་གཏོང་ཁྱབ་རྒྱ་ཆེ་རུ་བསྐྱེད་དགོས་པ་དང་། ལས་ཞུགས་དང་ཁྲལ་བསྡུ། ཕྱིར་ཚོང་། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་སོགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ནི། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བྱེད་ཀྱི་གཞི་མ་ཡིན་པར་མ་ཟད། ཁྲོམ་ར་དར་རྒྱས་འགྲོ་བྱེད་ཀྱི་སྒུལ་ཤུགས་དང་ལས་ཞུགས་ཡར་སྐུལ་གཏོང་བྱེད་ཀྱི་ནང་རྐྱེན་བཅས་སུ་གྱུར་མཐར། སྤྱི་ཚོགས་ཡོངས་ཀྱི་བརྩི་བཀུར་དང་བསྟོད་བསྔགས་ཐོབ་ཡོད་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ལ་དབང་བ་མ་ཡིན་པའི་འཕེལ་རྒྱས་ལ་རེ་བ་ཆེན་མོ་བཅངས་ཡོད་ཅིང་། རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤུགས་ཆེན་པོས་འཆར་འགོད་སྣེ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་མང་པོ་ཞིག་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ཁ་ཕྱོགས་དང་མཐུན་ཞིང་། ཐོན་ལས་སྦྲེལ་མཐུད་བྱེད་ཤུགས་ཅུང་དྲག་པ། ཐོན་ལས་གསར་བ་དང་ལས་རྣམ་གསར་བར་སྣེ་སྟོན་བྱེད་ཐུབ་པ་བཅས་ཀྱི་ཕྱོགས་སུ་བསྒྱུར་ཅི་ཐུབ་བྱས་ཏེ། ཁེ་ལས་ཚུལ་བསྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།ཤུགས་ཆེན་པོས་མཐུན་རྐྱེན་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་འཕེལ་རྒྱས་བྱ་བར་ཁྲོམ་རའི་ཁོར་ཡུག་དང་སྲིད་ཇུས་ཁོར་ཡུག། ཁྲིམས་ལུགས་ཁོར་ཡུག། སྤྱི་ཚོགས་ཁོར་ཡུག་བཅས་ལེགས་པོ་ཞིག་བསྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་བསྒྲགས་ཏེ། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ལམ་ལུགས་མགྱོགས་མྱུར་འཕེལ་རྒྱས་གཏོང་ཐབས་སྐོར་གྱི་བསམ་འཆར་ཞེས་པ་ངོ་སྤྲོད་བྱས།