ཝང་གོ་ཧྲིན་ཧོང་ཀྲུང་རྫོང་དུ་སོང་ནས་དབུལ་སྐྱོར་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2017.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དབུལ་སྐྱོར་སྦྲེལ་གནས་ཏེ་ཧོང་ཀྲུང་རྫོང་དུ་སོང་ནས། དབུལ་སྐྱོར་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱ་འགུལ་སྤེལ་བར་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་ལས་རིམ་ཁག་སོ་སོ་དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། སྡེ་བའི་ནང་དུ་འགྲོ་བ་དང་ཁྱིམ་ཚང་དུ་བསྡད་ནས་དབུལ་སྐྱོར་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། ཚད་གཞི་ལྟར་དག་སྒྲིག་བཅོས་སྐྱོང་ནན་མོ་བྱེད་དགོས་པར་མ་ཟད། འགན་འཁྲི་རྣལ་མ་དང་ལས་གཉེར་རྣལ་མ། བྱེད་ཕྱོགས་རྣལ་མ་བཅས་ཀྱི་སྒོ་ནས། མང་ཚོགས་ལ་དབུལ་སྐྱོར་མཁྲེགས་གཏོར་ཁྲོད་ནས་ཐོབ་བྱ་མི་ཉུང་བ་ཞིག་རེག་པར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཝང་གོ་ཧྲིན་ཧྲང་ཞིན་ཀྲོང་གྲོང་རྡལ་གྱི་ཀྲིག་ཏི་སྡེ་བར་ཐོན་ནས། སྔ་གཞུག་ཏུ་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་དང་གློག་རྡུལ་ཚོང་དོན་ལྟེ་གནས། ཞིང་བའི་རིག་གནས་ལག་རྩལ་སློབ་གྲྭ་བཅས་སུ་སོང་སྟེ། སྡེ་བའི་ནང་སྡོད་པའི་ཧྲུའུ་ཅི་དང་པོ་དང་ལས་བྱེད་མང་ཚོགས་རྣམས་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས། སྡེ་བའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སྡེ་དམངས་ཀུན་གྱིས་ཆུ་སྦུག་འཐེན་ནས། མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་བཅད་པར་མ་ཟད། ཧུར་ཐག་སྒོས་ཞལ་འདེབས་འབུལ་བ་དང་ལས་གཞི་བརྩོན་ལེན་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་ལ་སྡོད་ཁང་གསར་སྐྲུན་བྱས། དེ་མིན་ད་དུང་དབུལ་ཕོངས་ཁྱིམ་ཚང་གི་སྣེ་ཁྲིད་དེ་ས་ཆ་གཞན་དུ་ཞོར་ལས་བྱེད་དུ་སོང་ནས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་།

རྟོག་ཞིབ་བྱེད་སྐབས་ཝང་གོ་ཧྲིན་སྐུ་འབུམ་དགོན་པའི་ནང་དུ་སོང་ནས། དེ་གའི་དགོན་པའི་དོ་དམ་མི་སྣ་དང་གྲྭ་བཙུན་རྣམས་དང་ལྷན་དུ་བཞུགས་མོལ་བྱས། ཝང་གོ་ཧྲིན་གྱིས་སྐུ་འབུམ་དགོན་པས་ནན་ཏན་སྒོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བཞིན་པ་ལས། བདེ་ཐང་གི་དགོན་སྡེ་དང་འཆམ་མཐུན་གྱི་དགོན་སྡེ་འཛུགས་སྐྲུན་བྱ་བ་གཏིང་ཟབ་དུ་སྤེལ་བཞིན་ཡོད་པར་མ་ཟད། རྒྱ་ཆེ་བའི་གྲྭ་བཙུན་རྣམས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཏང་དང་སྲིད་གཞུང་ལ་གོང་བཀུར་བླ་མེད་བྱེད་ཀྱིན་པ་དང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་པའི་བྱ་བར་ཡར་སྐུལ་བྱེད་བཞིན་པའི་དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྒྲུབ་པའི་བྱ་བར་བྱས་རྗེས་ཆེན་པོ་འཇོག་བཞིན་པ་མཐོང་བས། དགོན་པའི་བྱེད་ཕྱོགས་ལ་ཁས་ལེན་ཡང་དག་བྱས་པར་མ་ཟད། རེ་བ་ཡིན་ན་སྐུ་འབུམ་དགོན་པས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས། མི་རིགས་མཐུན་སྒྲིལ་སྔོན་ཐོན་བཅས་ཀྱི་དར་ཆ་གསུམ་པོ་མཐོ་རུ་བསྒྲེང་ནས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་གོང་བཀུར་བླ་མེད་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་དང་སྡོམ་པ་འཛིན་པ། ཁྲིམས་སྲུང་བ། སེམས་རྣལ་མས་བློ་སྦྱོང་བྱེད་པ། སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་པ། མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་ཐད་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པའི་བྱ་བར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཟི་ལིང་གྲོང་ཁྱེར་ཡོན་པའོ་ར་བའི་ལས་གཞི་ནི་ཟི་ལིང་གྲོང་ཁྱེར་གྱི་ནགས་སྐྲུན་སྐྱེ་ཁམས་བདེ་སྡོད་གྲོང་ཁྱེར་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཝང་གོ་ཧྲིན་ལས་གཞི་འཛུགས་སྐྲུན་བྱེད་སར་སོང་ནས། ཡོན་པའོ་ར་བའི་སྤྱིའི་འཆར་འགོད་ཇུས་གཞིར་རྒྱུས་ལོན་ཞིབ་མོ་བྱས། ཝང་གོ་ཧྲིན་གྱིས་བསྟན་དོན། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་གཉེར་བའི་ལས་དོན་གྱི་བརྗོད་དོན་འབུར་ཐོན་ཡོང་བར་བྱེད་པ་ལ། འཆར་འགོད་བཟང་བོ་འཐེན་པ་དང་ཚད་གཞི་མཐོན་པོའི་ངོས་ནས་ལས་གཞི་ཡར་ལྡན་དུ་སྤེལ་དགོས་པར་མ་ཟད། སྤུས་ཚད་མཐོན་པོ་འཛིན་དགོས་པ་དང་། གྲོང་ཁྱེར་གྱི་ལྗང་བསྒྱུར་བྱ་བ་བཟང་བོར་སྤེལ་ནས། ར་བའི་ཉེ་འཁོར་གྱི་རང་བྱུང་ཁོར་ཡུག་མཐུན་སྦྱོར་མཉམ་གནས་ཡོང་བར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་རྣམ་པ་དང་སྣང་བརྙན་ཇེ་མཐོར་གཏོང་དགོས་ཟེར།
ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཝང་ཡུས་པའོ་བཅས་ཐེངས་འདིའི་རྟོག་ཞིབ་བྱ་བར་ཞུགས།