ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ལྟར་ན་མིག་སྔར་ཆུ་བྱ་ཁྲི་གཉིས་དང་སྟོང་བཞི་ལྷག་ཕྱིར་མཚོ་སྔོན་པོའི་མཚོ་ཁ་རུ་ཡོང་ནས་རྒྱུད་སྤེལ་བཞིན་ཡོད།
2017.04.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་མཚོ་ཁའི་ཆུ་བྱའི་རྒྱུད་སྤེལ་བྱེད་པའི་དུས་མགོ་དང་རྒྱུད་སྤེལ་བྱེད་པའི་སྐབས་ཀྱི་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་སྤེལ། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དང་བྱ་གླིང་དུ་བསྡོམས་པས་ཆུ་བྱའི་རིགས་ཞེ་གསུམ་དང་ཆུ་བྱ་ཁྲི་གཉིས་དང་སྟོང་བཞི་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་ཐོ་འགོད་བྱས།

ཐེངས་འདིར་ལྟ་ཞིབ་ཚད་ལེན་བྱས་པའི་བྱ་རིགས་ཁྲི་གཉིས་དང་སྟོང་བཞི་ལྷག་ཡོད་པ་དང་། དེའི་ནང་ཁྲུང་ཁྲུང་མགོ་ཁྲ་དང་སོ་བྱ་སོགས་འདུས་འཛོམས་ཀྱིས་རྒྱུད་སྤེལ་བྱེད་པའི་བྱ་རིགས་ཁྲི་གཅིག་དང་སྟོང་གཅིག་ལྷག་ཡོད། དེའི་ནང་། འདུས་འཛོམས་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་མགོ་ཁྲ་སྟོང་གཉིས་ལྷག་ཡོད་པ་དང་བྱ་ཚང་བརྒྱད་བརྒྱ་ལྷག་ཡོད། ཚང་བཟོས་ཏེ་རྒྱུད་སྤེལ་པའི་སོ་བྱ་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཡོད་པ་དང་བཟོ་བཞིན་པའི་བྱ་ཚང་དྲུག་བརྒྱ་ལྷག་ཡོད། འདུས་འཛོམས་མ་ཡིན་པའི་ཆུ་བྱའི་རིགས་ཉེར་གསུམ་དང་ཆུ་བྱ་སྟོང་བདུན་ལྷག་ཡོད་པ་དང་གནས་སྤར་ཏེ་མཚོ་སྔོན་པོའི་མཚོ་ཁ་རུ་ཡོང་བའི་བྱ་རིགས་བཅུ་དྲུག་དང་བྱ་སྟོང་དྲུག་ལྷག་ཡོད། དེའི་ནང་ཁྲུང་ཁྲུང་སྐེ་ནག་རེ་དྲུག་གིས་མཚོ་སྔོན་པོའི་མཚོ་ཁ་རུ་རྒྱུད་སྤེལ་བྱེད་བཞིན་ཡོད་པ་དང་ཁྲུང་སྐྱ་སོགས་འདུས་འཛོམས་མ་ཡིན་པའི་ཆུ་བྱའི་རིགས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་བརླན་ས་རུ་ཚང་བཟོས་ཏེ་རྒྱུད་སྤེལ་བྱེད་མགོ་བརྩམས།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་ཞིབ་བཤེར་བྱེད་མཁན་ཧུ་ཡུས་པཱང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོ་ལོ་སྔོན་མ་དག་དང་བསྡུར་ན་དྲོད་གྲངས་བལྟོས་བཅས་ཀྱིས་ཅུང་དམའ་བས་ཁྲུང་ཁྲུང་མགོ་ཁྲ་སྟོང་གསུམ་ལྷག་ད་རུང་རྒྱུད་སྤེལ་སྔོན་གྱི་འཁྱམ་ཉུལ་དུས་སྐབས་སུ་ཡོད། ཡིན་ཡང་ཐེངས་འདིའི་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ལྟར་ན། བྱ་གླིང་གི་བྱ་རིགས་དང་བྱ་ཚང་གི་གྲངས་ཀ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ངེས་ཡིན་ཟེར།