ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་རུ་ཁག་གི་འགྲན་ཞུགས་པ་མཚོ་མོ་སྐྱིད་ཀྱིས་ཐེ་ཅིན་གྲོང་ཁྱེར་ཝུའུ་ཆིན་ས་ཁུལ་ནས་བསྡུས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཱ་ལ་སུང་འགྲན་རྒྱུག་སྐབས་བཅུ་གསུམ་པའི་སྟེང་དུ་དངུལ་གྱི་རྟགས་མ་བླངས་ནས་མཚོ་སྔོན་མི་དམངས་ལ་གཟི་བརྗིད་དང་ལ་རྒྱ་བསྩལ།
ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། ཐེན་ཅིན་གྲོང་ཁྱེར་ནས་འབྱོར་བའི་གཏམ་བཟང་ལྟར་ན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཱ་ལ་སུང་རྒྱང་རྒྱུག་འགྲན་སྡུར་སྐབས་བཅུ་གསུམ་པ་དང་ཉིས་སྟོང་བཅུ་བདུན་ལོའི་ཐེན་ཅིན་རྒྱལ་སྤྱིའི་མཱ་ལ་སུང་འགྲན་སྡུར་ཁྲོད་དུ། མཚོ་སྔོན་གྱི་ཕུལ་བྱུང་ལུས་རྩལ་པ་མཚོ་མོ་སྐྱིད་ཀྱིས། རྒྱུག་ཡུན་དུས་ཚོད་གཉིས་དང་སྐར་མ་སོ་དྲུག་སྐར་ཆ་དྲུག་ནང་དམིགས་སར་སླེབས་ནས་བུད་མེད་ཚན་ཁག་གི་བྱ་དགའ་ཨང་གཉིས་པ་བླངས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འགྲན་ཞུགས་པ་ཡོངས་ཀྱི་ཚབ་བྱས་ནས་ལུས་རྩལ་རྣམ་གྲངས་འདིའི་བྱ་དགའ་ཐོག་མ་བླངས། བྱ་དགའ་ཐོབ་པའི་གཏམ་སྙན་ཐོས་མ་ཐག མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་མཐོང་ཆེན་བླ་མེད་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་ཆེས་ཐོག་མའི་དུས་ཚོད་ནང་དུ་འཐུས་ཚབ་འགྲན་ཞུགས་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད། རྗེས་ཕྱོགས་ཀྱི་འགྲན་རིམ་ཁྲོད་ནས་ཧུར་ཐག་འབད་འཐབ་སྒོས་གྲུབ་འབྲས་གསར་བ་ལེན་དགོས་པའི་རེ་བ་བཏོན།
ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་དུ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཱ་ལ་སུང་རྒྱང་རྒྱུག་འགྲན་སྡུར་སྐབས་བཅུ་གསུམ་པ་དང་ཉིས་སྟོང་བཅུ་བདུན་ལོའི་ཐེན་ཅིན་རྒྱལ་སྤྱིའི་མཱ་ལ་སུང་འགྲན་སྡུར་ཐེན་ཅིན་གྲོང་ཁྱེར་ཝུའུ་ཆིན་ས་ཁུལ་ནས་དངོས་སུ་རྒྱུག་མགོ་བརྩམས། ཐེངས་འདིའི་མཱ་ལ་སུང་འགྲན་རྒྱུག་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་སུམ་ཅུ་བའི་མགོ་རྩོམ་འགྲན་སྡུར་དུ་བལྟས་ཆོག ། ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཆེད་ལས་ཚན་ཁག་དང་མང་ཚོགས་ཚན་ཁག་གི་བྱ་དགའི་རྣམ་གྲངས་ཀྱིས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་རྩེ་གྲ་དང་ལས་ཞོར་འགྲན་ཞུགས་པ་རྣམས་ཀྱི་ཡིད་དབང་བཀུགས་མཐར། ཐེངས་འདིའི་འགྲན་སྡུར་ཁྲོད་དུ་ཆེད་ལས་ལུས་རྩལ་པ་བརྒྱ་དང་ཉི་ཤུ་དང་། མང་ཚོགས་སྟོང་ལྔ་ལ་ཉེ་བ་ཙམ། མཱ་ལ་སུང་འགྲན་སྡུར་ལ་དགའ་ཞེན་ཅན་སྟོང་དྲུག་བཅས་ཞུགས་པས། ཐེངས་འདིའི་འགྲན་སྡུར་གྱི་གཞི་ཁྱོན་ཧ་ཅང་ཆེ།
འགྲན་སྡུར་གྱི་རྗེས་སུ་བྱ་དགའ་ཨང་གཉིས་པ་ཐོབ་པའི་བུ་མོ་མཚོ་མོ་སྐྱིད་ཀྱི་ཡིད་སེམས་སྤྲོ་བས་ཁེངས། ཁོ་མོས་བཤད་རྒྱུར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་ནས་དངུལ་གྱི་རྟགས་མ་ལོན་པ་ནི་མཚོ་སྔོན་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱས་པ་ཡིན་པས། ང་རྒྱལ་སྐྱེས་འོས་པ་ཞིག་རེད། ཕ་ཡུལ་གྱི་ཕ་མ་གཉིས་ཀྱིས་དུས་རྟག་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན། རྗེས་མར་ངས་སྔར་ལས་འབད་པ་ཆེན་པོ་བྱས་ཏེ། གྲུབ་འབྲས་འདི་ལས་མང་པོ་ཞིག་ལོན་པར་བརྩོན་ལེན་བྱས་ཏེ། ཕ་ཡུལ་མི་དམངས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་མཚོ་མོ་སྐྱིད་ནི། མོ་ལོ་བཅུ་བདུན་གྱི་སྟེང་ཐོག་དང་པོར་མཱ་ལ་སུང་གི་འགྲན་རིམ་ཧྲིལ་བོའི་ཁྲོད་ཞུགས་ཏེ། དངུལ་གྱི་རྟགས་མ་ཞིག་བླངས་ནས་རང་གི་དཀའ་སྡུག་གི་རྔུལ་ཆུའི་རིན་ཐང་མངོན་པར་མ་ཟད། མོ་ལོ་བཅོ་བརྒྱད་སྟེང་ཧྲང་ཧེ་རྒྱལ་སྤྱིའི་མཱ་ལ་སུང་གི་འགྲམ་རིམ་ཕྱེད་ཀའི་བུད་མེད་ཚོགས་པའི་ཨང་དང་པོ་བླངས་ནས། ཡིད་ཆེས་དང་བརྟན་བརླིང་ལ་བརྟེན་ནས་རང་ཉིད་ཕུལ་བྱུང་ཡིན་པ་ར་སྤྲད། ཉིས་སྟོང་བཅུ་གསུམ་ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སྟེང་དུ། བལྟས་ན་ལུས་བོངས་ཆུང་བའི་བུ་མོ་འདིས། སྨི་ལྔ་སྟོང་ཅན་གྱི་བུད་མེད་འགྲན་རྒྱུག་ཁྲོད་དངུལ་གྱི་རྟགས་མ་དང་སྨི་ཁྲི་གཅིག་ཅན་གྱི་བུད་མེད་འགྲན་རྒྱུག་ཁྲོད་གསེར་གྱི་རྟགས་མ་བླངས་ནས། མཚོ་སྔོན་འཐུས་ཚབ་ཚོགས་པར་གཟི་བརྗིད་དང་ལ་རྒྱ་བསྩལ། ཉིས་སྟོང་དགུ་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་དུ། བོད་རིགས་བུ་མོ་མཚོ་མོ་སྐྱིད་འགྲན་སྡུར་མང་པོའི་ཁྲོད་ཞུགས་ཏེ། སྔ་ཕྱིར་རྟགས་མ་ཉེར་གཉིས་བླངས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་མོ་སྐྱིད་མི་འགྱངས་བར་སྐབས་འདིའི་འགྲན་སྡུར་གྱི་སྨི་ཁྲི་གཅིག་ཅན་དང་སྨི་སྟོང་ལྔ་ཅན་གྱི་འགྲན་རྒྱུག་ལ་ཞུགས་རྒྱུའི་འཆར་གཞི་ཡོད་པས། མཚོ་སྔོན་འཐུབ་ཚབ་ཚོགས་པར་སྔར་ལས་གཟི་བརྗིད་མང་པོ་ཞིག་བསྩོལ་བར་རེ་བ་བྱེད།