ལྔ་གཅིག་དུས་ཆེན་གྱི་སྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གཙོས་མཚོ་སྔོན་གྱི་མགོ་ཁྲིད་རྣམས་ཀྱིས་ཁེ་ལས་ལས་རྐང་སྟེང་གི་ལས་བཟོ་བ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མིར་འཚམས་འདྲི་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་སྟེང་གི་ངལ་རྩོལ་པ་རྣམས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གུས་འདུད་ཞུས་ཏེ་དུས་ཆེན་ལ་སྨོན་ཚིག་བསྒྲོན།
ཝང་གོ་ཧྲིན་ཨ་རི་བོད་སྨན་ཀུང་ཟིའི་སྨན་རྫས་འཁོར་ཁང་དུ་སོང་ནས། ཐོན་སྐྱེད་བཟོ་རྩལ་ལས་རིམ་ལ་རྟོག་ཞིབ་དང་། ཐོན་སྐྱེད་ཉོ་ཚོང་དང་ཁེ་ལས་ཏང་འཛུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཝང་གོ་ཧྲིན་གྱིས་གཞུང་སྒྲུབ་ཐོག་ཁང་ཚོམས་ཆེན་ནང་དུ་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་བ་རྣམས་ལ་རེ་རེ་བྱས་ཏེ་ལག་འཇུ་བྱས་ནས། མཚོ་སྔོན་ཨ་རི་བོད་སྨན་ཀུང་ཟི་ལ་ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་ལས་ཁུངས་བྱ་དགའ་བྱིན་པར་མ་ཟད། མཚོ་སྔོན་ཁང་ཕུའུ་སྐྱེ་དངོས་ཚན་རྩལ་ཀུང་ཟིའི་ཅེ་ཧྥང་ལ་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་མི་སྒེར་གྱི་བྱ་དགའ་བྱིན། བཞུགས་མོལ་བྱེད་སྐབས། ཏུའུ་ལེན་ཕིང་དང་ཁྲིན་ཧྥིན་ལེན། ཧི་ཧྲིན་ཀྲིན། ནོང་ཡུག་ཀོ། ཆིས་ཕིང་། ཀྲའོ་ཧུང་ཞ་བཅས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད།
ཝང་གོ་ཧྲིན་གྱིས་བསྟན་དོན། ངལ་རྩོལ་ནི་གཟི་བརྗིད་ཆེ་ཞིང་རླབས་ཆེན་ཡིན། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྒྲོག་འགྲེལ་བྱས་ཡོད་ཅིང་། དེ་ནི་ང་ཚོའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་དང་སྙིང་སྟོབས་ཀྱི་ཁུར་འདེགས་ཆེན་པོ་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ངལ་རྩོལ་དཔེ་ལེགས་མི་སྣའི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་བྱེད་པ། དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཡོངས་ནས་ངལ་རྩོལ་ལ་བརྩི་བཀུར་དང་ངལ་རྩལ་དཔེ་ལེགས་ཅན་ལ་མཐོང་ཆེན་བྱེད་པ། གསར་གཏོད་ལ་བརྩི་མཐོང་བཅས་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱེད་པར་ཅིས་ཀྱང་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་གཉིས་གཞི་གཅིག་ཏུ་སྦྲེལ་དགོས་ཤིང་། བསམ་བློ་གསར་བ་དང་ཤེས་བྱ་གསར་བས་ཟུར་བརྒྱན་ནས་རང་ནུས་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། གསར་གཏོད་ལ་ཤུགས་བསྣན་ནས་བྱ་བའི་ལས་ཆོད་མཐོར་འདེགས་བཏང་བ་བརྒྱུད། ངལ་རྩོལ་རིན་ཐང་འབུར་ཐོན་ཡོང་བར་བྱེད་དགོས། ངལ་རྩོལ་སྙིང་སྟོབས་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་བྱེད་རྒྱུ་དེ་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་ཁྲོད་འདྲེས་པར་བྱས་ཏེ། སློབ་སྦྱོང་གི་གནད་ས་མི་ནོར་བ་བྱེད་དགོས། ལས་རིགས་སོ་སོའི་དངོས་ཡོད་གཞིར་བཟུང་ནས། སློབ་གཉིས་བྱེད་གཅིག་གི་གཞི་རྩའི་བླང་བྱ་གཞུང་སྒྲུབ་ཚན་ཁག་དང་འཁོར་ཁང་གི་ཏང་ཡོན་པ་རེ་རེའི་སྟེང་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། ངལ་རྩོལ་སྙིང་སྟོབས་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་མཚོ་སྔོན་གྱི་འཕེལ་རྒྱས་དང་ཟུང་དུ་སྦྲེལ་བའི་སྒོ་ནས་སྤེལ་ཏེ། ལས་རྐང་ལ་དགའ་ཞེན་ཡོད་པ་དང་ལས་རིགས་ལ་གུས་བརྩི་ཡོད་པའི་ངང་བྱ་བ་འབད་པས་བསྒྲུབ་ནས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་དངོས་འབེབས་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་རང་ནུས་ཡོད་རྒུ་ཕུལ་ཏེ། བསྒྱུར་བ་བཞི་ཡར་ལྡན་དུ་སྤེལ་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་དཀའ་སྡུག་རྔུལ་ཆུ་དང་ལང་ཚོ་བཅས་སེར་སྣ་མེད་པའི་ངང་ཕུལ་ནས་བྱས་རྗེས་འཇོག་དགོས་ཞེས་བསྟན།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་མཚོ་ནུབ་ཁུལ་ཏུ་སོང་ནས་ངལ་རྩོལ་པ་རྣམས་ལ་འཚམས་འདྲི་ཞུས། མཚོ་སྔོན་ཡུས་ཧེ་ནུས་ཁུངས་ཚད་ཡོད་འགན་ལེན་ཀུང་ཟིའི་རྡོ་སོལ་གཏེར་ཁུལ་ནས། ཝང་ཅན་ཅུན་གྱིས་དེ་གའི་ལས་བཟོ་བ་རྣམས་ལ་ལག་འཇུ་བྱས་ཏེ་ངལ་རྩོལ་དུས་ཆེན་ལ་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་བྱིན། ཝང་ཅན་ཅུན་གྱིས་བཤད་རྒྱུར། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ནི་ཆེས་བླ་ན་མཐོ་བའི་གཟི་བརྗིད་ཡིན་ལ། ཚང་མས་རང་གི་ངལ་རྩོལ་དང་བྱས་རྗེས་ལ་བརྟེན་ནས། མི་ཚེའི་རིན་ཐང་དང་རྨི་ལམ་མངོན་འགྱུར་བྱེད་དགོས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དང་ཚྭ་འདམ་གཞོང་གི་སྙིང་སྟོབས་དར་སྤེལ་དང་རྒྱུད་འཛིན་བྱས་ཏེ། ངལ་རྩོལ་བླ་མེད་དང་ངལ་རྩོལ་རླབས་ཆེན། ངལ་རྩོལ་མཛེས་ལྡན་བཅས་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དང་སྤྱི་ཚོགས་ཀྱི་དྲང་ཕྱོགས་ཀྱི་ནུས་ཚད་དུ་འགྱུར་བར་བྱེད་དགོས་ཟེར། དེའི་རྗེས་ཝང་ཅན་ཅུན་མཚོ་སྔོན་ཚྭ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཚྭ་ཁ་ཚྭ་ལས་ཡན་ལག་ཀུང་ཟིར་སོང་ནས། དེ་གའི་ཡང་བའི་ལས་རིགས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་བློ་མཐུན་ལིག་ཞའོ་ཅང་ལ་འཚམས་འདྲི་ཞུས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ངལ་རྩོལ་གྱིས་ལོ་རྒྱུས་བསྐྲུན་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་བྱ་བ་མི་རབས་རེ་རེའི་ངལ་རྩོལ་པ་རྣམས་ཀྱི་དཀའ་སྡུག་གི་རྔུལ་ཆུ་དང་བྱས་རྗེས་ལ་ཁ་འབྲལ་ཐབས་རྩ་བ་ནས་མེད། ཁོ་ཚོས་སྤྱིར་བཏང་གི་ལས་རྐང་སྟེང་ནས་སྤྱིར་བཏང་མ་ཡིན་པའི་ལག་རྗེས་བཞག་ཡོད། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ཏེ། ཁོ་ཚོའི་རིན་བྲལ་གྱི་བསམ་པའི་རྒྱུ་ནོར་ངལ་རྩོལ་པ་མང་པོར་བརྒྱུད་སྤྲོད་བྱས་ནས། སྤྱི་ཚོགས་ཡོངས་ནས་ངལ་རྩོལ་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ་དང་། ངལ་རྩོལ་དཔེ་ལེགས་ཅན་ལ་བྱམས་སྐྱོང་བྱེད་པ། ངལ་རྩོལ་དཔེ་ལེགས་ཅན་ལ་གུས་འདུད་ཞུ་བ་བཅས་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་རང་ནུས་ཡོད་རྒུ་འབུལ་དགོས་ཟེར།
ཝང་ཡུས་པའོ་དང་ཧུའུ་ཁྲང་ཧྲིན་གཉིས་ཐེངས་འདིའི་བྱ་འགུལ་ལ་ཞུགས།