ཉིས་སྟོང་བཅུ་བདུན་ལོའི་དུས་ཚིགས་དང་པོར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་དམངས་སྲིད་ཀྱི་དམངས་དོན་སྒྲུབ་པ་དང་དམངས་ལ་དགའ་བའི་བྱ་བའི་འདུ་ཤེས་ཆགས་པར་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨང་གཞི་བཏིང་བ་དང་དམངས་ཚིས་ལེགས་བཅོས་བྱས་ཤིང་། ལས་གཞི་དྲུག་ལ་འགན་འཁུར་བའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་ཚིས་དོན་དག་བཅུ་བདེ་བླག་ངང་ལག་བསྟར་བྱས།
ད་ལོའི་དུས་ཚིགས་དང་པོར་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་ཐོ་དང་རང་ཞིང་གི་གྲོང་གསེབ་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་དགུན་ཁའི་དྲོད་འདོན་རྒུད་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ་སོགས་ལམ་ལུགས་ཡིག་ཆ་འགྲེམ་སྤེལ་བྱས་ཏེ། གྲོང་ཁྱེར་གྱི་མ་སྲུང་ཟླ་རེའི་མི་རེའི་ཆ་སྙོམས་ཚད་གཞི་སྒོར་ལྔ་བཅུའི་ཇེ་མཐོར་བཏང་བ་དང་། ཞིང་སྡེ་ཡི་མ་སྲུང་ལོ་རེའི་མི་རེའི་ཆ་སྙོམས་ཚད་གཞི་སྒོར་སུམ་བརྒྱ་དང་ལྔ་བཅུ་ལ་ཇེ་མཐོར་བཏང་ཞིང་། གསར་འཛུགས་ཞིང་སྡེ་ཡི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་ལོ་རེར་ཁྱིམ་ཚང་རེར་སྒོར་བརྒྱད་བརྒྱའི་དྲོད་འདོན་ཁ་གསབ་སྒོར་མོ་བྱིན།
ཞིང་ཆེན་ཡོངས་ཀྱི་རྒན་པའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ལོ་བདུན་ཅུ་ཡན་གྱི་རྒན་པའི་ཁ་གསབ་ཚད་གཞི་དེ་སྔོན་ཆད་ཀྱི་རྨང་གཞིའི་སྟེང་ཟླ་རེར་མི་རེར་ཆ་སྙོམས་སྒོས་སྒོར་ཉི་ཤུ་ཇེ་མཐོར་གཏོང་རྒྱུ་རེད།