ཟླ་ལྔ་བའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བར་བཀོད་སྒྲིག་ཞིབ་ཚགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་དང་ཅི་རིན་ཧྥིན། དྲུང་ཡིག་ཆེན་མོ་ཝང་ཅིན་སོགས་ཐེངས་འདིའི་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ཇེ་དྲག་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་དུ། སློབ་སྦྱོང་དང་ལག་ལེན་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གནད་དོན་དུས་ལྟར་འདོན་པ་དང་དུས་ལྟར་གནད་དོན་ཐག་གཅོད་པར་ཕན་པའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བཙུགས་ནས། ཏང་ནང་ཁུལ་གྱི་སློབ་གསོ་དང་རྩ་འཛུགས་འཚོ་བར་ཕན་པའི་བྱེད་ཐབས་འཚོལ་དཔྱོད་བྱས་ཏེ། ལས་ཁུངས་ཀྱི་བྱ་བ་ཚད་ལྡན་ཅན་དང་སྲིད་གྲོས་ལས་དོན་འཕེལ་རྒྱས་ལ་ཕན་པའི་ལམ་ལུགས་འཐུས་ཚང་ཞིག་བཙུགས་ཏེ། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་བྱ་བ་སྲིད་གྲོས་ལས་ཁུངས་ཁག་ནས་དངོས་འབེབས་དོན་འཁྱོལ་བྱེད་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།