མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཧུབ་རིང་དཔལ་འབྱོར་ཡར་སྐུལ་བྱ་བའི་གྲོས་ཚོགས་དཔའ་ལུང་རྫོང་ནས་བསྡུས།
2017.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་ལྔ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཧུབ་རིང་དཔལ་འབྱོར་ཡར་སྐུལ་བྱ་བའི་གྲོས་ཚོགས་དཔའ་ལུང་རྫོང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་སོ་སོར་ཞིང་ཆེན་ཡོངས་ཀྱི་ཧུབ་རིང་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་། ཚུལ་སྒྱུར་རིམ་སྤོར་ཐད་བླང་བྱ་བཏོན། དབུལ་ཐར་མཁྲེགས་གཏོར་བྱ་བའི་འབྲེལ་འདྲིས་བྱེད་གནས་དཔའ་ལུང་རྫོང་གི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཝང་ཡུས་པའོ་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།

ཝང་གོ་ཧྲིན་གྱིས་བྱ་བར་བླང་བྱ་འདོན་སྐབས་ནན་གྱིས་བསྟན་དོན། ལོ་ངོ་མང་པོའི་རིང་ལ་ས་གནས་དང་སྡེ་ཁག་སོ་སོའི་སྣེ་སྟོན་དང་ཞིབ་ཚགས་གཟབ་ནན་ལ་བརྟེན་ནས། ཧུབ་རིང་དཔལ་འབྱོར་མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་སྲོལ་རྒྱུན་དང་ལྡན་ཞིང་ལས་ཞུགས་བརྟན་པོ་ཡིན་པ། ཡོང་འབབ་འཕར་སྣོན་ཡོང་བར་བྱེད་པ་བཅས་ལ་ཕན་པའི་ངལ་རྩོལ་མིང་གྲགས་ཐོན་རྫས་གལ་ཆེན་ཞིག་ཏུ་གྱུར། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་ཡིད་ལ་བཟུང་ནས། གནད་ཕིགས་དབུལ་སྐྱོར་བྱ་བ་གཙོ་གནད་དུ་འཛིན་པ་དང་ལས་ཞུགས་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་ཡོང་བར་བྱེད་པ་དམིགས་འབེན་དུ་འཛིན་པ། ཁྲོམ་རའི་རང་བདག་དང་སྲིད་གཞུང་གི་སྣེ་སྟོན་གཉིས་ཀྱི་གཞི་གཅིག་ཅན་རྒྱུན་འཁྱོངས་བྱེད་པ་བཅས་ལ་འབད་དེ། མང་ཚོགས་ཀྱི་བསམ་སྦྱོར་དང་ཟུང་དུ་སྦྲེལ་དགོས་ཤིང་། ཞིང་ཆེན་ལས་བརྒལ་བ་དང་ཕྱིར་ཞང་གྲོང་དུ་སོང་ནས་ལས་སྐྲུན་བྱེད་པ་གཉིས་གཞི་གཅིག་ཏུ་སྦྲེལ་དགོས། སྲིད་གཞུང་གི་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ལས་རིགས་ལག་རྩལ་ཟབ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་བ་ཞིག་འཛུགས་པ་བཅས་ལ་འབད་འབུངས་བྱས་ཏེ། ཤུགས་ཆེན་པོས་ཧུབ་རིང་དཔལ་འབྱོར་གྱི་རིམ་པ་ཇེ་མཐོར་གཏོང་དགོས། ལས་ཞུགས་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་བྱེད་པ་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

ཝང་ཅན་ཅུན་གྱིས་བྱ་བར་བླང་བྱ་འདོན་སྐབས་བསྟན་དོན། ཧུབ་རིང་དཔལ་འབྱོར་ནི་དམངས་ཚིས་དཔལ་འབྱོར་ཡིན། ལོ་ངོ་དུ་མའི་ཞིབ་ཚགས་གཟབ་ནན་གྱི་གོ་རིམ་བརྒྱུད་དེ། ད་ལྟ་གཞི་ནས་མཚོ་སྔོན་གྱི་ངལ་རྩོལ་ཐོན་རྫས་མིང་གྲགས་ཅན་ཞིག་ཏུ་གྱུར་ནས། འཛད་སྤྱོད་པའི་བསྟོད་བསྔགས་ཐོབ་ཡོད། མིག་སྔར་གྱི་བྱ་བའི་རྨང་གཞིའི་སྟེང་དུ། བར་མ་ཆད་པའི་ངང་ནས་ཧུབ་རིང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི། མིག་སྔའི་མཚོ་སྔོན་གྱི་དབུལ་སྐྱོར་མཁྲེགས་གཏོར་དང་ལས་ཞུགས་ཚུལ་སྒྱུར་བྱ་བའི་འོས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་སྲིད་གཞུང་དང་། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས། དབུལ་སྐྱོར་ལས་ཁུངས། ཞིང་ཕྱུགས་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ། ཧུབ་རིང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། ཧུབ་རིང་དཔལ་འབྱོར་གྱི་གྲངས་དང་རིགས་མང་པའི་ཐོན་རྫས་དང་སྤུས་ཚད་ཅན་གཉེར་ནས། སྔར་ལས་མང་པོའི་ཞིང་སྡེ་ངལ་རྩོལ་ལས་སྐྲུན་ལས་ཞུགས་པ་རྣམས་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་གྱི་བླང་བྱ་བསྒྲགས་ནས་བསྟན་དོན། ཧུབ་རིང་དཔལ་འབྱོར་ནི་ཆེས་ཐད་ཀར་ཅན་གྱི་དམངས་བདག་དཔལ་འབྱོར་དང་དམངས་ཚིས་དཔལ་འབྱོར་ཡིན་པས། དེས་མཚོ་སྔོན་མང་ཚོགས་ཀྱི་ལས་སྐྲུན་གསར་གཏོད་ཀྱི་སྟོབས་ཤུགས་མངོན་པར་མཚོན་ཡོད་ཅིང་། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཚུལ་བཞིན་བསྒྱུར་བ་དང་། དབུལ་ཐར་འབྱོར་ཕྱུག་ལ་བསྙེག་སའི་ཕན་ལྡན་བརྒྱུད་ལམ་དང་ཤུགས་འདོན་ས་གལ་ཆེན་ཀྱང་ཡིན། ཧུབ་རིང་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་རྒྱུ་དང་ཚུལ་སྒྱུར་རིམ་སྤོར་བྱ་རྒྱུ་ནི་དུས་ཐོག་ཆར་བ་ཡིན་ཟེར།

ཚོགས་ཐོག་ནས་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱི་བླང་བྱར་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས། འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། གྲོང་ཁྱེར་དང་རྫོང་སྲིད་གཞུང་། མི་ཤུགས་ཐོན་ཁུངས་ལས་ཁུངས་སོགས་ཀྱི་འགན་ཁུར་བློ་མཐུན་རྣམས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་ནས་བསམ་ཚུལ་བརྗེ་རེས་བྱས།