ཟླ་ལྔ་བའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་ཐོན་ཁུངས་དོ་དམ་ནན་མོ་བྱེད་པའི་ལམ་ལུགས་ལག་བསྟར་དཔྱད་ཞིབ་ཚན་ཆུང་ཟི་ལིང་ལ་ཐོན་ནས། འབྲེལ་ཡོད་སྙན་ཞུ་ལ་གསན་པ་དང་འབྲེལ་ཡོད་ཡིག་ཆར་ལྟ་ཞིབ་བྱས་ཤིང་། ཡུལ་དངོས་ནས་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་ལ་དོ་དམ་ནན་མོ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པར་རྟོག་ཞིབ་བྱས་ཤིང་མཆན་བཀོད་མཛུབ་སྟོན་གནང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།
ཡན་ཅིན་ཧེ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་མཚོ་སྔོན་གྱི་ཁྱད་ཆོས་དང་མཐུན་པའི་ཆུའི་ཐོན་ཁུངས་དོ་དམ་མ་ལག་གསར་དུ་བཙུགས་པ་མ་ཟད་འཐུས་ཚང་དུ་བཏང་ནས། ཆུའི་ཐོན་ཁུངས་ལ་དོ་དམ་ནན་མོ་བྱེད་པའི་བྱ་བར་ཕན་འབྲས་ཆེན་པོ་བླངས་ཡོད། ད་ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཕྱོགས་ཡོངས་ནས་ཆུ་བདག་ལམ་ལུགས་ལག་བསྟར་བྱེད་པའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཆུའི་ཐོན་ཁུངས་མཛད་སྤྱོད་བྱེད་པའི་སྤྱིའི་གྲངས་འབོར་དང་མཛད་སྤྱོད་བྱེད་ཚད་གཉིས་ལ་མཉམ་དུ་ཚོད་འཛིན་བྱེད་པའི་འགུལ་སྤྱོད་ཇུས་གཞི་ལག་བསྟར་བྱས་པ་དང་། ཆུའི་ཐོན་ཁུངས་ལ་དོ་དམ་ནན་མོ་བྱེད་པའི་སྒྲིག་ལམ་གསར་བ་གསུམ་མཚོ་སྔོན་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་སུ་ཁྱབ་སྤེལ་བྱས་ནས་ཆུའི་ཐོན་ཁུངས་དོ་དམ་བྱ་བ་དངོས་སུ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་འགྱུར་བཞིན་ཡོད་ཟེར།
ཡན་ཅིན་ཧེ་ཡིས་འབྲེལ་ཡོད་བྱ་བའི་གནད་གཙོ་བོ་དག་དམ་པོར་བཟུང་ནས་ཆུའི་ཐོན་ཁུངས་དོ་དམ་ནན་མོ་བྱེད་པའི་ལམ་ལུགས་ལག་བསྟར་གང་ལེགས་བྱེད་དགོས་པ་དང་། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་དོན་འཁྱོལ་ཡོང་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།