ཝང་གོ་ཧྲིན་དང་ཝང་ཅན་ཅུན་གཉིས་ཀྱིས་ནུའུ་ཨེར་པད་ཁི་ལིས་དང་མཉམ་དུ་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཇུས་གཞིའི་ཐད་ནས་གྲོས་བསྡུར་བྱས།
2017.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་ལྔ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་བཅས་ཀྱིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས། མཉམ་དུ་མཚོ་སྔོན་གྱི་དྭངས་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཇུས་གཞིའི་ཐད་ནས་གྲོས་བསྡུར་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་ནུའུ་ཨེར་པད་ཁི་ལིས་གཉིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཀྲང་ཀོང་རོང་གིས་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་འཕེལ་རྒྱས་འཛུགས་སྐྲུན་ཐད་ནས་ངོ་སྤྲོད་བྱས།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ནུའུ་ཨེར་པད་ཁི་ལིས་སོགས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱེད་དུ་ཡོང་བར་དགའ་བསུ་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་བཏོན་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན། མིག་སྔར། མཚོ་སྔོན་གྱི་གོང་འོག་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པས། ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་བསྒྱུར་བ། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱས་ཏེ། ཧུར་ཐག་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། མཚོ་སྔོན་གྱི་ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། དྭངས་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་རེ་བ་གལ་ཆེན་ཡིན་ལ། མཚོ་སྔོན་གྱི་ཐོན་ཁུངས་ཐད་ཀྱི་དགེ་མཚན་ཡང་ཡིན་པས། ང་ཚོས་ཅུའུ་ཀྲང་ནུའུ་ཨེར་པད་ཁི་ལིས་ཀྱིས་ཐེངས་འདིར་མཚོ་སྔོན་དུ་རྟོག་ཞིབ་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། མཚོ་སྔོན་གྱི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་ཁྲོད་འདྲེས་པར་བྱེད་པ་དང་། དགེ་མཚན་ཁྱད་ཆོས་ཀྱི་ནུས་ཁུངས་ཐོན་ལས་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡིད་ཚིམ་པར་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ནུའུ་ཨེར་པད་ཁི་ལིས་ཀྱིས་གཏམ་བཤད་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་ལས་དོན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་ནུས་གལ་ཆེན་ཡིན་ལ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན། མཚོ་སྔོན་ནི་ནུབ་རྒྱུད་ཀྱི་ནུས་ཁུངས་ཞིང་ཆེན་ཆེན་པོ་ཡིན་པ་དང་། དྭངས་གཙང་ནུས་ཁུངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་ཁུལ་ཁོངས་ནུས་ཁུངས་སྦྲེལ་མཐུད་རྟེན་གཞི་དང་དྭངས་གཙང་ནུས་ཁུངས་རྟེན་གཞི་གལ་ཆེན་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་སུ་དམ་པོར་བཅངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་གསར་བརྗེ་འཐབ་ཇུས་བསམ་བློ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་བཅོས་བསྒྱུར་ཐད་ནས་འཆར་འགོད་བཟང་བོ་དང་རྩ་འཛུགས་བཟང་བོ། ལག་བསྟར་བཟང་བོ་བྱེད་དགོས། གཅིག་ནས་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་འཆར་འགོད་ཀྱི་སྣེ་ལེན་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས། གཉིས་ནས་ནུས་ཁུངས་དགེ་མཚན་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ནུས་ཁུངས་ཁྱབ་ཁོངས་ཀྱི་ཕན་ཡོད་དངུལ་གཏོང་རྒྱ་བསྐྱེད་པ། ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཆུ་གློག་དང་ཉི་འོད་ནུས་པའི་ཐོན་ཁུངས་གསར་སྤེལ་བྱས་ཏེ། ནུས་ཁུངས་དྭངས་གཙང་དང་ལྗང་མདོག ཐན་ཉུང་ངང་འཕེལ་རྒྱས་སུ་གཏོང་དགོས། གསུམ་ནས་ནུས་ཁུངས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། སྐྱེ་ཁམས་དམར་ཐིག་འདུ་ཤེས་བརྟན་པོ་བཅངས་ནས། ལྗང་མདོག་ཐན་ཉུང་གི་ཐོན་སྐྱེད་རྣམ་པ་དང་འཚོ་བའི་རྣམ་པ་གསོ་སྐྱོང་བྱེད་དགོས། བཞི་ནས་ནུས་ཁུངས་ཐད་ཀྱི་གནད་ཕིགས་དབུལ་སྐྱོར་གྱི་མཁྲེགས་གཏོར་ནུས་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ནུས་ཁུངས་དམངས་ཚིས་བཟོ་སྐྲུན་དེ་ཏང་གི་མི་དམངས་ཀྱི་འདོད་བློ་དང་མཐུན་པའི་བཟོ་སྐྲུན་དུ་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་དབུལ་སྐྱོར་བཟོ་སྐྲུན་དེ་ཏང་གི་དྲོད་སྐྱེལ་བཟོ་སྐྲུན་དུ་འཛུགས་སྐྲུན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་བྱས་རྗེས་འཇོག་དགོས་ཟེར།

ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར། ནུའུ་ཨེར་པད་ཁི་ལིས་སོགས་སྔ་གཞུག་ཏུ་ཚ་རྔ་འགག་ཆུ་གློག་ས་ཚིགས་དང་གུང་ཧོ་སྐྱེ་ཁམས་ཉི་འོད་ནུས་པའི་གློག་འདོན་ར་བའི་ཁུལ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་བཀོད་འདོམ་ཚོད་འཛིན་ལྟེ་གནས། ནན་ཁྲོན་བཟོ་ལས་ར་བ། ཏུང་ཁྲོན་བཟོ་ལས་ར་བ་བཅས་སུ་སོང་ནས། ཡུལ་དངོས་ནས་ནུས་ཁུངས་གསར་བའི་འཛུགས་སྐྲུན་ལས་གཞི་ལ་ལྟ་ཞིབ་བྱས་པ་དང་། གློག་དྲ་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་མི་སྣའི་བར་ནུས་ཁུངས་གསར་བའི་གསར་སྤེལ་བཀོལ་སྤྱོད་དང་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས།

ཝང་ཞའོ་དང་ཝང་ཡུས་པོ། ཝང་ལིས་མེན་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།