མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ཟི་ལིང་ནས་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྣེ་ཁྲིད་མཐུན་སྦྱོར་སྡེ་ཁག་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་བྱེད་ཡུལ་གྱི་ས་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས། མཉམ་དུ་རོགས་སྐྱོར་མཉམ་ལས་བརྗེ་རེས་ཇུས་ཆེན་ཐད་ནས་གྲོས་བསྡུར་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ་བ་མ་ཟད་གནས་ཚུལ་ངོ་སྤྲོད་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། ཀྲིག་ཅང་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཧྥིན་ཧྥེ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ལིས་ཆོན། པེ་ཅིན་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཞཱ་ཀྲན་དབྱི། ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཡན་ཆིན་མེན། ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཆིག་ལེན། ཧྲང་ཧེ་གྲོང་ཁྱེར་གྱི་ཟི་ལིང་དུ་སྡོད་པའི་དོན་སྒྲུབ་ཁང་གི་ཀྲུའུ་རིན་ལིག་རོས་ཆོན་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ཀྱི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་བྱས་པ་དང་། བྱ་བའི་བསམ་ཕྱོགས་དང་བྱེད་ཐབས། གྲོས་གཞི་བཏོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དཔའ་ཡན་ལུང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཙིག་ཡོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཝང་ལིས་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྣེ་ཁྲིད་མཐུན་སྦྱོར་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་མཛུབ་སྟོན་གྲོས་གཞི་གལ་ཆེན་བཏོན།
ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ས་ཡ་ལྔ་དང་འབུམ་དགུ་ཁྲི་གསུམ་གྱི་ཚབ་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་དང་གྲོང་ཁྱེར་སོ་སོ། ཀྲུང་དབྱང་གི་ཁེ་ལས་སོ་སོ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཐད་བྱས་རྗེས་ཆེན་པོ་བཞག་པའི་རྒྱ་ཆེའི་རོགས་སྐྱོར་ལས་བྱེད་པ་དང་རོགས་སྐྱོར་འཇོན་མི་ཡོངས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་དང་བླ་མེད་ཀྱི་གུས་འདུད་ཞུས། ཁོས་བསྟན་དོན། ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་རྒྱུའི་ལས་འགན་ཁུར་བའི་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ཆབ་སྲིད་གཙིགས་སུ་འཛིན་པ་དང་སྤྱི་ཡོངས་ལ་བསམ་གཞིགས་གཏོང་བ་དང་། མཚོ་སྔོན་ལ་ཁྱོན་ཡོངས་ནས་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ། ལག་རྩལ་དང་འཇོན་མི། འདུ་ཤེས་བཅས་མཚོ་སྔོན་དུ་སྐྱེལ་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་རྗེས་ཤུགས་ཁ་སྣོན་བྱས་པ་དེ་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཟེར།
ཝང་གོ་ཧྲིན་གྱིས་ཏང་ཀྲུང་དབྱང་གིས་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ཐད་ཀྱི་འཐབ་ཇུས་ཇུས་ཆོད་བཏོན་པར་དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དྲིན་ལན་འཇལ་བའི་འདུ་ཤེས་བཅངས་ནས། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁེ་ལས་ཀྱིས་ང་ཚོར་སྒེར་མེད་རོགས་སྐྱོར་བྱེད་པ་དེ། མཚོ་སྔོན་གྱི་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་འཐབ་ཇུས་ཆེན་པོ་དང་སྤྱིའི་གྲུབ་ཚུལ། བྱེད་ཐབས་གལ་ཆེན་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས། ང་ཚོས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱེད་པ། རྒྱུན་མ་ཆད་པར་འཕེལ་རྒྱས་བར་སྟོང་འཚོལ་ཞིབ་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ། ཡུན་ཕན་གྱི་རྐྱེན་སྲོལ་འཛུགས་པ། ཁྱད་ཆོས་ལྡན་པའི་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱས་ཏེ། འགོ་ཚུགས་ས་གསར་བའི་སྟེང་ནས་ཁ་གཏད་རོགས་སྐྱོར་བྱ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། ང་ཚོས་རྒྱུད་གཅིག་ལམ་གཅིག་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་དེ་རྐང་འཛགས་སར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་། སློབ་གསོ་འཕྲོད་བསྟེན། གྲོང་ཁྱེར་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་དགོས། ང་ཚོས་འཇོན་མི་ནང་འདྲེན་དང་འཇོན་མི་བཀོལ་སྤྱོད་བྱེད་པ། འཇོན་མི་སྐྱེད་སྲིང་བྱེད་པའི་འདུ་ཤེས་བསྒྱུར་ནས། འཇོན་མི་ནང་འདྲེན་བྱེད་པའི་སྲིད་ཇུས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་འཇོན་མི་དང་རིག་སྟོབས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་བ་དང་། རྣམ་པ་མི་འདྲ་བ་དང་རིམ་པ་མང་བའི་ལས་བྱེད་པ་དང་འཇོན་མི་གསོ་སྦྱོང་བྱེད་པའི་བྱ་བ་སྤེལ་བ། མཉམ་དུ་འབད་འཐབ་བྱེད་པ་བརྒྱུད་དེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ལེན་ཐུབ་པར་བྱེད་རྒྱུའི་རེ་བ་བཏོན།
ཝང་ཅན་ཅུན་གྱིས་བསྟན་དོན། མིག་སྔར། མཚོ་སྔོན་ཡང་རྒྱལ་ཡོངས་དང་འདྲ་བར་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་སུ་སླེབས་ཡོད་པ་དང་། གནས་བབ་གསར་བ་དང་ལས་འགན་གསར་བས་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས་ཐད་རེ་བ་གསར་བ་བཏོན་ཡོད་པས། ང་ཚོས་ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་ཐད་ཀྱི་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ཏེ། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོད་དགོས། གསར་སྐྲུན་བྱེད་པར་སྔར་ལས་དོ་སྣང་བྱེད་པ་དང་། དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། གསར་སྐྲུན་སྟེགས་བུ་འཛུགས་སྐྲུན་བྱེད་པ། འཇོན་མི་ནང་འདྲེན་དང་རིག་སྟོབས་ནང་འདྲེན་བྱ་བ་རྒྱ་ཆེར་སྤེལ་ནས། གསར་སྐྲུན་སྣེ་ཁྲིད་དང་འདེགས་སྐྱོར་དུ་བྱེད་པའི་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས་ཐད་ཀྱི་རྣམ་པ་གསར་བ་དང་རྐྱེན་སྲོལ་གསར་བ་གྲུབ་པར་བྱེད་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཁར་གྲོང་གཅིག་གྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ། བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་གཏིང་ཟབ་ཏུ་བཏང་སྟེ། མཐུན་སྦྱོར་ཁྲོད་ནས་མཚོ་སྔོན་གྱི་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མཉམ་དུ་མཚོ་སྔོན་གྱི་སྐྱེ་ཁམས་ཚོང་རྟགས་མིང་གྲགས་ཅན་དྲིལ་སྒྲོག་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་དགོས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱི་ཕྱི་ཕྱོགས་མཉམ་ལས་བརྗེ་རེས་དགེ་མཚན་ལ་བརྟེན་ནས། མཉམ་དུ་རྒྱུད་གཅིག་ལམ་གཅིག་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། སྒོ་འབྱེད་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྒོ་འབྱེད་ཁྱབ་ཁོངས་རྒྱ་བསྐྱེད་པ། དར་རྒྱས་གྲོང་ཁྱེར་བར་གྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། མཉམ་དུ་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པར་འབད་བརྩོན་བྱེད་པ་དང་། ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བྱེད་པ། སློབ་གསོ་ལས་དོན་གཙོར་བཟུང་ནས་སྔོན་དུ་འཕེལ་རྒྱས་སུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོར་འདེགས་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་ཐད་ཀྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྣེ་ཁྲིད་མཐུན་སྦྱོར་སྡེ་ཁག མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ཆེད་བསྐོས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་རིན་ཆེན་རྒྱལ་དང་ཀྲང་ཀོང་རོང་། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། མུའུ་ཏུང་ཧྲིན། ཡན་ཅིན་ཧེ། ཝང་ལིས་མེན་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་གྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་དང་འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་གི་འགན་ཁུར་བློ་མཐུན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་རུ་ཁག་གི་འགོ་གཙོ་དང་། ཁུལ་དྲུག་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འགོ་གཙོ། ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འགོ་གཙོ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རོགས་སྐྱོར་ལས་བྱེད་པ། ཧྲང་ཧེ་གྲོང་ཁྱེར་གྱི་ཟི་ལིང་དུ་སྡོད་པའི་དོན་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།