ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྙན་ཞུ་ཐད་ནས། ཞིང་ཆེན་རིམ་པའི་བློ་མཐུན་རྒན་པའི་བསམ་འཆར་བསྡུ་ལེན་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆེད་བསྐོས་མི་སྣ་རྩ་འཛུགས་བྱས་ནས་འཚམས་འདྲི་བྱེད་པའི་རྣམ་པ་སྤྱད་དེ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པའི་བློ་མཐུན་རྒན་པའི་བསམ་འཆར་ལ་ཉན། བློ་མཐུན་རྒན་པ་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོས་ལོ་ལྔའི་རིང་ལ། ཞིང་ཆེན་ཏང་ཨུས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ལ་དོ་སྣང་སྔར་ལས་ཆེན་པོ་བྱེད་པ། དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པར་དོ་སྣང་བྱེད་པ། བསྒྱུར་བ་བཞི་དང་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཞིང་ཆེན་ཏང་ཨུས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ནི་འཁྲུལ་མེད་ཡང་དག་ཡིན་པ་ར་སྤྲོད་བྱས་པ་དང་། དེའི་ཐད་ནས་བླངས་པའི་གྲུབ་འབྲས་ནི་མིག་མཐོང་ལག་ཟིན་ཡིན་ཟེར། བློ་མཐུན་རྒན་པ་ཚོས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྙན་ཞུའི་བརྗོད་དོན་མངོན་གསལ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་ལ། གྲུབ་འབྲས་སྤྱི་བསྡོམས་ཐད་ནས་དངོས་ཐོག་བདེན་འཚོལ་བྱས་ཡོད་པ་དང་། མ་འོངས་ལ་འཆར་འགོད་བྱེད་པའི་ཐད་ནས་ཚན་རིག་དང་མཐུན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་ཐུགས་རེ་གལ་ཆེན་སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ཡོད་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་དང་གསར་གཏོད་འདུ་ཤེས་མཚོན་པར་བྱས་ཡོད་པ་དང་། མདུན་བལྟ་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་བསྟར་རང་བཞིན་ཆེན་པོ་ལྡན། དེ་ནི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ་དང་ཁ་ཕྱོགས་སྟོན་པ། བདེན་འཚོལ་དངོས་གཉེར་དང་གསར་གཏོད་ཀྱི་སྙན་ཞུ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྗེས་ཕྱོགས་ཀྱི་ལོ་ལྔ་དང་ཐ་ན་དུས་ཡུན་སྔར་ལས་རིང་བའི་དུས་སྐབས་ཀྱི་བྱ་བ་སྣ་ཚོགས་ལ་མཛུབ་སྟོན་བྱེད་ཐུབ་པ་ཁོ་ཐག་ཡིན་པའི་ཚུལ་བསྟན།
བློ་མཐུན་རྒན་པ་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་མཐོང་ཆེན་བྱེད་པ། རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། མི་རིགས་ཁུལ་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བྱེད་པ། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྐལ་བཟང་གི་སྙིང་སྟོབས་དར་སྤེལ་བྱེད་པ། ལས་བྱེད་པ་རྒན་པའི་བྱ་བར་མཐོང་ཆེན་བྱེད་པ་སོགས་ཕྱོགས་ནས་བསམ་འཆར་དང་གྲོས་གཞི་བཏོན།