ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅུན་དང་ལིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཀྲང་ཀོང་རུང་དང་། ཝང་ཞའོ་ཡུང་། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་འབུལ་བའི་སྙན་ཞུའི་མ་ཡིག་བྲིས་པའི་གནས་ཚུལ་གསལ་བཤད་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་མ་ཡིག་བྲིས་པའི་གནས་ཚུལ་གསལ་བཤད། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འདེམས་བསྐོ་སོ་སོའི་གྲོས་འདོན་མི་སྣའི་གནས་ཚུལ་གསལ་བཤད་བཅས་ལ་ཉན།
གྲོས་ཚོགས་ལས་གྲོས་མོལ་བརྒྱུད་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་འབུལ་བའི་སྙན་ཞུའི་གྲོས་ཞིབ་མ་ཡིག་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་བྱ་བའི་སྙན་ཞུའི་གྲོས་ཞིབ་མ་ཡིག ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་གྲོས་རིམ་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བར་མ་ཟད། གྲོས་སྡུར་བྱས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འདེམས་བསྐོ་སོ་སོའི་གྲོས་འདོན་མི་སྣའི་མིང་ཐོར་གྲོས་འཆམ་བྱུང་།
ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཐེངས་འདིའི་གྲོས་ཚོགས་སྟེང་ཟུར་ཞུགས་བྱས།