ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་གྲ་སྒྲིག་གྲོས་ཚོགས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཝང་ཅན་ཅུན་དང་ལིག་ཉིན། ཀྲང་ཀོང་རུང་། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལ་ཐོན་དགོས་པའི་འཐུས་མི་བཞི་བརྒྱ་དང་སོ་བདུན་ཡོད་ཅིང་། དངོས་སུ་འབྱོར་བའི་འཐུས་མི་བཞི་བརྒྱ་ཉེར་གསུམ་ཡོད་པས། གཏན་འཁེལ་མི་གྲངས་དང་མཐུན།
གྲོས་ཚོགས་ཀྱི་གྲོས་རིམ་ལ་ལྔ་ཡོད་དེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་འདོན་མིང་ཐོར་གྲོས་འཆམ་འབྱུང་བ་དང་། གཉིས་ནི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དྲུང་ཡིག་གི་གྲོས་འདོན་མིང་ཐོར་གྲོས་འཆམ་བྱུང་། གསུམ་ནི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ཁང་གི་གྲོས་འདོན་མིང་ཐོར་གྲོས་འཆམ་འབྱུང་བ། བཞི་ནི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་གྲོས་རིམ་འཆར་ཟིན་ལ་གྲོས་འཆམ་འབྱུང་བ། ལྔ་ནི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དྲུང་ཡིག་ཁྲུའུ་རྩ་འཛུགས་སྡེ་ཁག་གི་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་བཅས་རེད།
གྲོས་ཚོགས་སྟེང་ལག་པ་ཡར་བཀྱགས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས། གོང་གསལ་གྲོས་རིམ་ལྔ་བོར་རིམ་པ་བཞིན་གྲོས་འཆམ་བྱུང་།
ཝང་གོ་ཧྲིན་གྱིས་བསྟན་དོན། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོའི་སྒོ་ནས་ཏང་གི་འཐུས་མིའི་ཚོགས་ཆེན་བསྡུ་དགོས། ཐེངས་འདིའི་ཚོགས་ཆེན་གྱི་འོས་འགན་གཙོ་བོ་ནི། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བསྡུས་པའི་ཚུན་གྱི་བྱ་བར་སྤྱི་སྡོམ་བྱས་ཏེ། མ་འོངས་པའི་ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ནས། འདེམས་བསྐོ་བརྒྱུད་དེ་སྐབས་གསར་བའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཏང་གི་ཚོགས་ཆེན་བཅུ་དགུ་བར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་བཅས་བདམས་ཐོན་འབྱུང་རྒྱུ་དེ་ཡིན། ཐེངས་འདིའི་ཚོགས་ཆེན་བཟང་བོར་བསྡུ་རྒྱུ་ནི། ཁྱོན་ཡོངས་ནས་རིགས་སོ་སོའི་མི་དམངས་ཚང་མ་མཐུན་སྒྲིལ་དམ་ཟབ་ཡོང་བར་སྐུལ་སློང་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ཤུགས་ཆེན་པོས་བསྒྱུར་བ་བཞི་ཟབ་སྤེལ་བྱེད་པ་བརྒྱུད། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་ཆེད་འབད་འཐབ་བྱེད་རྒྱུ་དེ་ཡིན། ཚང་མས་ཏང་གི་ལས་དོན་ལ་གཙིགས་ཆེན་བྱེད་པའི་བསམ་ཕྱོགས་བཟུང་ནས། རིགས་སོ་སོའི་མི་དམངས་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བགྲོད་པའི་རེ་སྙེག་མངོན་འགྱུར་ཡོང་བར་བྱེད་དགོས། ཧུར་བརྩོན་ཆེན་པོས་ཚོགས་ཆེན་གྱི་གྲོས་རིམ་ཡོངས་ལ་ཞུགས་ནས། ཏང་ཀྲུང་དབྱང་གི་རེ་ལྟོས་སྟོང་ཟད་དུ་མི་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་རིགས་སོ་སོའི་མི་དམངས་ཡོངས་ཀྱི་རེ་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། འགན་ཆེན་པོ་འཁུར་བའི་ངོས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུར་གྲོས་ཞིབ་བྱེད་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུར་གྲོས་ཞིབ་བཟང་བོ་བྱེད་རྒྱུ་ནི་ཚོགས་ཆེན་གྱི་འོས་འགན་གལ་ཆེན་ཞིག་ཡིན། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་རིགས་སོ་སོའི་མང་ཚོགས་ཡོངས་ཀྱི་བློ་གྲོས་དང་ཤེས་རབ་གཅིག་བསྡུས་སྒོས་མཚོན་ཡོད་ཅིང་། དེ་ནི་མ་འོངས་པའི་དུས་ཡུན་ངེས་ཅན་རིང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་སྐྲུན་པའི་སྦྱོར་བ་དངོས་ཀྱི་རྩ་འཛིན་ཡིན་པས། ཚོགས་ཆེན་བཟང་བོར་བསྡུ་རྒྱུ་དང་བྱ་བར་མཛུབ་སྟོན་གང་ལེགས་བྱེད་པ། མ་འོངས་པར་སྣེ་སྟོན་གང་ལེགས་བྱེད་པ་བཅས་ཀྱི་ལས་དོན་དང་ཐད་ཀར་འབྲེལ་ཡོད་ཟེར།