ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཝང་གོ་ཧྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་ཁ་ཡིག་ལ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ།
ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་བརྩམས། ཝང་གོ་ཧྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་ཁ་ཡིག་ལ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ།
ཚོགས་ཆེན་གྱི་ཚོགས་ར་ལ་གཟབ་རྒྱས་ཆེ་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད་པ་དང་། ཀྲུའུ་ཞིའི་སྟེགས་བུའི་རྒྱབ་རས་ངོས་སུ་བཀྲགས་མདངས་འཚེར་བའི་དར་དམར་བཅུས་གསེར་འོད་ལམ་ལམ་འཕྲོ་བའི་ཏང་རྟགས་ཀྱི་མཐའ་བརྒྱན་ཡོད་ལ། ཉིས་ཐོག་གི་གཟིགས་སྟེགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས་ཞེས་པའི་འཕྲེད་ཡིག་བཀལ་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་གོ་ཧྲིན་དང་ཝང་ཅན་ཅུན། ལིག་ཉིན། ཀྲང་ཀོང་རོང་། ཝང་ཞའོ་ཡུང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཚོགས་ཆེན་ལ་འཐུས་མི་བཞི་བརྒྱ་དང་སོ་བདུན་འབྱོར་དགོས་པ་དང་། འཐུས་མི་བཞི་བརྒྱ་དང་སོ་ལྔ་དངོས་སུ་ཚོགས་འདུར་ཞུགས་པས། གཏན་ཁེལ་གྱི་མི་གྲངས་དང་མཐུན།
ཚོགས་ཆེན་ལ་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས།
སྔ་དྲོའི་དུས་ཚོད་དགུའི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་ཆེན་དངོས་སུ་ཚོགས་མགོ་བརྩམས།
ཝང་གོ་ཧྲིན་གྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཚོགས་ཆེན་ལ་སྙན་ཞུ་ཕུལ། སྙན་ཞུ་བསྡོམས་པས་ཁག་དྲུག་ཏུ་བགོས་ཡོད་དེ། དང་པོ། མཚོ་སྔོན་གྱི་འཕེལ་རྒྱས་མགོ་རྩོམ་ས་གསར་བའི་སྟེང་གནས་ཡོད་པ། གཉིས་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ། གསུམ་པ། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་བཏང་ནས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། བཞི་བ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། དྭངས་གསལ་གཙང་པོ་ལྷུང་ལྷུང་ཤར་ལ་འབབ་པར་བྱེད་པ། ལྔ་བ། ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་ལེགས་བཅོས་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། མི་སེར་ལ་འཚོ་བ་བཟང་པོ་རོལ་ཏུ་འཇུག་པ། དྲུག་པ། ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་རེད།
ཝང་གོ་ཧྲིན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྒྱལ་ཁ་ལེན་པའི་གནད་འགག་གི་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཚོགས་ཆེན་གྱི་བརྗོད་གཞི་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་བསྟར་ཟབ་མོ་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། བསྒྱུར་བ་བཞི་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱས་ནས། མགོ་རྩོམ་ས་གསར་བའི་སྟེང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་རྒྱུ་དེ་ཡིན་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཧུར་བརྩོན་རྒྱལ་སྐྱོང་དང་འབད་པས་གསར་སྤེལ་བྱས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་རྣམ་པ་གསར་བ་བསྐྲུན་ཡོད། ལག་ལེན་ལས་བློ་མཐུན་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱི་སྲོག་ཤིང་དང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པའི་ཆ་ནས། སྲ་ཞིང་བརྟན་པའི་ཆབ་སྲིད་གཏན་ཚུགས་དང་ཡངས་ཤིང་ཆེ་བའི་ཆབ་སྲིད་ཀྱི་མཁྱེན་དཔྱོད། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་བཅས་ལྡན་ལ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་རྟེན་ཡིན་པ་ར་སྤྲོད་བྱུང་ཡོད་པས། ང་ཚོས་ངེས་པར་དུ་བསམ་བློའི་སྟེང་ནས་སྲོག་ཤིང་ལ་གོང་བཀུར་བྱེད་པ་དང་། ཆབ་སྲིད་ཐད་ནས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ། འགུལ་སྐྱོད་ཐད་ནས་སྲོག་ཤིང་གི་རྗེས་སུ་དམ་དུ་འབྲངས་པ་བཅས་བྱས་ཏེ། རང་རྟོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་མཚོ་སྔོན་ནས་ཡོངས་སུ་ལག་བསྟར་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས། ཏན་ཏན་ཏིག་ཏིག་བཞིའི་བླ་བྱ་གལ་ཆེན་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་བཏོན་ཏེ། ང་ཚོ་མུ་མཐུད་མདུན་སྐྱོད་བྱེད་པར་ཁ་ཕྱོགས་གསར་བ་བསྟན་པ་དང་། མཐོང་རྒྱ་གསར་བ་བསྐྱེད་ལ། གོ་སྐབས་གསར་བ་བསྐྲུན་པ་ནི་མཚོ་སྔོན་གྱི་བྱ་བ་བཟང་པོར་བསྒྲུབ་པའི་གཞི་རྩའི་བསྲུང་བྱ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པ་དང་ལྷག་པར་དུ་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བཟང་པོ་བྱེད་པ་ནི། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཡོངས་ཀྱི་འགན་འཁྲི་ཡིན་ལ། མཚོ་སྔོན་རིགས་སོ་སོའི་མི་དམངས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་དང་། མཚོ་སྔོན་གྱི་མ་འོངས་པའི་མདུན་ལམ་དང་ལས་དབང་ཡང་དེ་དང་འབྲེལ་ཡོད།
མཚོ་སྔོན་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་གནས་པའི་ཐད་ནས། ཝང་གོ་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་གྱི་ལོ་ལྔའི་རིང་ནི། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་པའི་ལོ་ལྔ་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། འཕེལ་རྒྱས་ལ་ཇུས་འགོད་དང་། བཅོས་སྒྱུར་ལ་ཡར་སྐུལ། གཏན་འཇགས་སྲུང་འཛིན། ཏང་འཛུགས་ལ་ཤུགས་སྣོན་བཅས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་འཆར་འགོད་ཁྱོན་ཡོངས་ནས་ཡོངས་འགྲུབ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་བདེ་བླག་ངང་ལག་བསྟར་བྱས་ནས། ལས་དོན་སྣ་ཚོགས་ཐད་གྲུབ་འབྲས་མངོན་གསལ་བླངས།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་གྱི་ལོ་ལྔའི་རིང་ལ། ང་ཚོས་རྒྱ་ཆེའི་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྔོན་ལ་རྩ་འཛུགས་བྱས་པ་དང་། དོན་གྱི་མཐིལ་རྟོགས་ཤིང་སྦྱངས་པ་གོ་ཆོད་པར་བྱས་ཏེ། བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དུ་ཕྱོགས་སྟོན་སྣེ་ཁྲིད་ཀྱི་རྩ་བའི་ནུས་པ་འདོན་སྤེལ་བྱས་པས། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་འདུ་ཤེས་བཞི་ཉིན་རེ་བཞིན་སྲ་བརྟན་དུ་སོང་བ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་ལས་ཇེ་གསལ་དུ་སོང་། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དེ་གཏེར་ཁའི་ཐོན་ཁུངས་སྔོག་འདོན་ལ་བརྟེན་པ་ནས་ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་ཕྱོགས་སུ་གོམ་སྟབས་སྤོས་པས། འཕེལ་རྒྱས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ནི་ཞིང་ཆེན་རྐང་ཚུགས་པའི་གཞི་མ་ཡིན་པའི་འཐབ་ཇུས་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཇེ་དྲག་ཏུ་བཏང་བས། འཕེལ་རྒྱས་ཀྱི་ཁྱད་སྟོབས་རིམ་བཞིན་མངོན། ང་ཚོས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་གྱི་ཁེ་ཕན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པས། ནང་བྱུང་སྒུལ་ཤུགས་ཕན་འབྲས་ལྡན་པར་བསྐྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་སྲིང་སྒོས་ཇེ་ཆེར་སོང་། ང་ཚོས་འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་འགན་སྲུང་དེ་ཆུ་ཚད་དམའ་མོ་དང་ཁེབས་རྒྱ་ཆེན་པོ་ནས་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་གྱི་ཕྱོགས་སུ་གོང་འཕེལ་དུ་བཏང་བས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ལ་སྔར་ལས་ཕན་ཆེན་པོ་བཏགས། ང་ཚོས་མཉམ་དུ་གཉིས་ཀྱི་བརྗོད་གཞི་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་གྱི་རྨང་གཞིའི་སྟེང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པས། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ཇེ་བཟང་དུ་གྱུར། ང་ཚོས་ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ནུས་ལྡན་པར་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་གཙོའི་གྲོས་མོལ་ཧུར་ཐག་གིས་སྤེལ་བས། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཕན་འབྲས་སྔར་ལས་མངོན་གསལ་ཡིན་པ་དང་། འཕེལ་རྒྱས་ཀྱི་མཉམ་ཤུགས་རྒྱ་ཆེར་གཅིག་བསྡུས་བྱས་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས། དཔལ་ཡོན་ཡར་ཐོན་གྱི་སྤྱི་ཚོགས་གོམས་སྲོལ་རྒྱུན་ཆད་མེད་པར་ཆགས་པ་དང་། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་བསམ་བློའི་རྨང་གཞི་ཉིན་རེ་བཞིན་སྲ་བརྟན་དུ་གྱུར་ལ། འཕེལ་རྒྱས་ལ་ཁྲིད་སྟོན་བྱས་པར་སྔར་ལས་ནུས་པ་ལྡན། ང་ཚོས་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བསམ་བློས་ཏང་འཛུགས་པ་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་གཉིས་གཅིག་གྱུར་བྱེད་པར་གཙིགས་འཛིན་བྱས་པས། ཏང་དོ་དམ་དང་བཅོས་སྐྱོང་དེ་ཡངས་ལྷོད་མཉེན་གསུམ་ནས་ནན་དམ་སྲ་གསུམ་གྱི་ཕྱོགས་སུ་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་ཁག་ཐེག་སྔར་ལས་སྟོབས་ཅན་དུ་གྱུར།
ཝང་གོ་ཧྲིན་གྱིས་བསྟན་དོན། ལོ་ལྔའི་རིང་ལ་ང་ཚོས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོར་བརྟེན་པ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། རིགས་སོ་སོའི་མང་ཚོགས་བཅས་ཀྱིས་བསྟུད་མར་འབད་འཐབ་བྱས་པར་བརྟེན་པ་ཡིན་ཟེར། ཝང་གོ་ཧྲིན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། རིགས་སོ་སོའི་མང་ཚོགས། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་བཀོད་འཐབ་པ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་དང་མཚོ་སྔོན་ལ་རོགས་སྐྱོད་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ། མཚོ་སྔོན་གྱི་འཛུགས་སྐྲུན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་བློ་མཐུན་དང་གྲོགས་པོ་ཡོད་ཚད་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་དང་བླ་ན་མེད་པའི་གུས་འདུད་ཞུས།
ཝང་གོ་ཧྲིན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔའི་ནང་དུ། ང་ཚོས་རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་ཕྲག་ཏུ་ཁུར་ཡོད་པས། ངེས་པར་དུ་ང་ཚོ་གནས་པའི་ཕྱིའི་ཁོར་ཡུག་དང་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་གོ་བ་ཡང་དག་ལེན་དགོས། དེང་སྐབས་ཀྱི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་རྣམ་པའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བསྒྱུར་བཅོས་ཀྱི་མདུན་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་ཁྱད་ཆོས་གསལ་པོའི་མདུན་ནས། ང་ཚོ་འཕྲད་པའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་རྩོད་ནི་སྔ་ན་མེད་པ་ཞིག་ཡིན་ལ། ང་ཚོ་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བར་འགྲེངས་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་སླེབས་པ་དེས་མཚོ་སྔོན་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་པ་དང་། བཅོས་སྒྱུར་གསར་སྐྲུན་གྱི་མཐོ་རླབས་གསར་བས་མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རབས་གསར་བར་སྐྱོད་པར་སྐུལ་འདེད་བཏང་ཡོད་ལ། བརྒྱ་ལོ་དང་པོའི་དམིགས་འབེན་འགྲུབ་ལ་ཉེ་བ་དེས་མཚོ་སྔོན་འཕེལ་རྒྱས་ལ་མཐོར་འདེགས་གསར་བ་འབྱུང་བར་ཁྲིད་སྟོན་བྱས་ཡོད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ཟབ་སྤེལ་བྱས་པ་དེས་མཚོ་སྔོན་འཕེལ་རྒྱས་ལ་ཁོར་ཡུག་གསར་བ་བསྐྲུན་ཡོད། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་ནས། ང་ཚོས་གསར་བསམ་འགྱུར་འཚོལ་སྒོས་མཐོང་རྒྱ་གསར་བས་བསམ་ཕྱོགས་གསར་བར་ཇུས་འགོད་བྱེད་པ་དང་། བྱེད་ཐབས་གསར་བས་འཕེལ་རྒྱས་གསར་བར་སྐུལ་འདེད་བཏང་ནས། རང་འགུལ་གྱིས་བསྒྱུར་བ་དང་མྱུར་དུ་བསྒྱུར་ནས་བསྒྱུར་བ་བཞིའི་ཁྲོད་དུ་རྒྱུན་ཆད་མེད་པར་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་བབ་གསར་བ་སྐྲུན་དགོས།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ཅན་དུ་བསྒྱུར་བ་ནི་ཞིང་ཆེན་རྐང་ཚུགས་པའི་གཞི་རྩ་ཡིན་ལ། སྲོག་ཤིང་ནི་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་དེ་ཡིན་པས། ང་ཚོ་སྐྱེ་ཁམས་སྲུང་སྐྱོབ་པ་བཟང་པོ་བྱེད་དགོས་པ་མ་ཟད། དེ་ལས་ཀྱང་སྲོལ་རྒྱུན་གྱི་བསམ་གཞིགས་རྣམ་པ་བསྒྱུར་བ་དང་། དཔལ་འབྱོར་སྤྱིའི་ཐོན་ཚད་ཆུང་བའི་ཁུར་བོ་བསྐྱུར་ནས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་བཅངས་པ་དང་། མངོན་མེད་ཀྱི་སྐྱེ་ཁམས་ཁྱད་སྟོབས་དེ་དངོས་ཡོད་ཀྱི་དཔལ་འབྱོར་ཁྱད་སྟོབས་སུ་འགྱུར་བར་བྱེད་པ་དང་། དོན་དངོས་ཀྱི་སྐྱེ་ཁམས་ཞིང་ཆེན་ཆེན་པོར་འགྱུར་བར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཆེ་བ་དང་། སྐྱེ་ཁམས་བཅོས་སྐྱོང་གི་ནུས་པ་ཆེ་བ། སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་ཆེ་བ། སྐྱེ་ཁམས་དཔལ་འབྱོར་གྱི་དངོས་ཤུགས་ཆེ་བ་བཅས་ཀྱི་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ཅན་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
ཝང་གོ་ཧྲིན་གྱིས་བསྟན་དོན། མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཏུ་མྱུར་དུ་སྒྱུར་བ་ནི་ཞིང་ཆེན་གྱི་གནས་ཚུལ་གཙོ་བོ་ཞིག་ཡིན་ལ། དེའི་དཀྱིལ་སྙིང་ནི་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དེ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆེམཐོན་པོར་བསྒྲེངས་ཏེ། སྔོན་ཐོན་ས་ཁུལ་གསར་གཏོད་བྱེད་པ་དེ་སྔར་ལས་ཁྱབ་ཆེ་ཞིང་སྔར་ལས་རིམ་པ་མང་པོའི་ཕྱོགས་སུ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཏང་གི་མཐའ་འཁོར་དུ་ཡོངས་ཁྱབ་ཏུ་གཅིག་སྒྲིལ་བྱས་ཏེ། མི་སེམས་གཅིག་སྒྲིལ་དང་དམངས་ཚིས་ལེགས་བཅོས། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས་གོང་འཕེལ། སྤྱི་ཚོགས་བརྟན་འཇགས་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ས་གནས་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་བྱེད་པ་ནས་རྒྱལ་ཁབ་འཐབ་ཇུས་དང་མཉམ་བསྲེས་བྱེད་པའི་ཕྱོགས་སུ་མྱུར་དུ་སྒྱུར་བ་ནི་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཡིན་ལ། དེའི་དཀྱིལ་སྙིང་ནི་གོ་གནས་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན་པས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་ལྟ་བུའི་ནུས་པ་གལ་ཆེན་དང་། རྒྱལ་ཁབ་འཐབ་ཇུས་ཐོན་ཁུངས་ཀྱི་རྗེས་མཐུད་ས་ཁུལ་གྱི་ནུས་པ། ཤར་མཐུད་ནུབ་འབྱེད་ཀྱི་འབྲེལ་མཐུད་ནུས་པ་བཅས་ཇེ་ཆེར་གཏོང་བར་དམ་པོར་དམིགས་ཏེ། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པ། འབྲི་ཆུ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ཤར་ནུབ་རྒྱུད་ས་ཁུལ་དབུལ་སྐྱོར་རོགས་ལས་བྱེད་པ་བཅས་རྒྱལ་ཁབ་འཐབ་ཇུས་ཁྲོད་ཞུགས་དགོས།
ཝང་གོ་ཧྲིན་གྱིས་བསྟན་དོན། རོང་འབྲོག་པས་གཅིག་རྐྱང་གི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་གཉེར་བ་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་རྒྱུག་བཟང་བའི་ཕྱོགས་སུ་མྱུར་དུ་སྒྱུར་བ་ནི་དམངས་ཕྱུག་གི་ཇུས་ཆེན་ཡིན་ལ། དེའི་དཀྱིལ་སྙིང་ནི་ཞིང་གསུམ་གྱི་ཚུལ་སྒྱུར་འཕེལ་རྒྱས་ཡིན། སྲུང་སྐྱོབ་དང་འཕེལ་རྒྱས། སྲུང་སྐྱོབ་དང་དམངས་ཚིས་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བཟང་བོ་བྱེད་དགོས་ན། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཞང་སྡེའི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་བཅས་གཅིག་གྱུར་བཟང་བོ་བྱས་ནས། རོང་འབྲོག་ཕྱོགས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་ལ་འཕེལ་རྒྱས་འབྱུང་བ། རོང་འབྲོག་པའི་ཡོང་སྒོ་རྒྱུན་ཆད་མེད་པར་འཕར་སྣོན་འབྱུང་བ་བཅས་མཉམ་རྒྱལ་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་སྐྱོད་དགོས།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། བསྒྱུར་བ་བཞི་ནི་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་འདུ་ཤེས་གསར་བ་དང་འཐབ་ཇུས་གསར་བ་ལག་བསྟར་བྱེད་པའི་མཚོན་བྱེད་གལ་ཆེན་ཡིན་ལ། དེ་ནི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པའི་བསམ་ཕྱོགས་ཐད་ཀྱི་གསར་གཏོད་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་བྱེད་ཐབས་ཡིན་པས། མཚོ་སྔོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱས་ཡོད་ལ། སྐབས་རེ་རེའི་ཞིང་ཆེན་ཏང་ཨུའི་བྱ་བའི་བསམ་ཕྱོགས་རྒྱུན་འཛིན་དང་བབ་བསྟུན་མདུན་སྐྱོད་བྱས་ཡོད། བསྒྱུར་བ་བཞི་བོའི་བར་འབྲེལ་འདྲིས་དམ་པོ་དང་ཕན་ཚུན་སྐུལ་འདེད་བྱེད་ཀྱིན་ཡོད་པ་དང་། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དེས། འཕེལ་རྒྱས་རིན་ཐང་ཐད་ཀྱི་འཚོལ་སྙེག་མངོན་པར་བྱས་ཡོད་ལ། དེ་ནི་བསྒྱུར་བ་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པ་དེས། སྤྱི་ཚོགས་ཡར་ཐོན་གྱི་ཁ་ཕྱོགས་ཡང་དག་མཚོན་ཡོད་པ་དང་། དེ་ནི་བསྒྱུར་བ་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཡིན། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དེས། བསམ་བློ་བཅིངས་འགྲོལ་དང་རང་འགུལ་སྒོས་འབད་འཐབ་བྱེད་པའི་བརྩོན་སེམས་མཚོན་ཡོད་ལ། དེ་ནི་བསྒྱུར་བ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བའི་ཐད་ཀྱི་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱེད་པ་དེས། མི་གཙོ་བོར་འཛིན་པ་དང་། ཆོད་ཉིད་ལ་བརྩི་མཐོང་བྱེད་པ། རང་བྱུང་དང་མཐུན་པར་བྱེད་པ། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ནང་ཁོག་གི་རེ་བ་མངོན་པར་བྱས་ཡོད་པ་དང་། དེ་ནི་བསྒྱུར་བ་མངོན་འགྱུར་བྱེད་པའི་ནང་དོན་གཙོ་བོ་ཡིན་པས། ང་ཚོས་བསམ་བློའི་གོ་རྟོགས་དང་བསམ་གཞིགས་བྱེད་སྟངས། འཕེལ་རྒྱས་ཀྱི་རྣམ་པ། མགོ་ཁྲིད་ཀྱི་ནུས་པ། གཞི་རྩའི་བྱང་ཚད་སོགས་ཕྱོགས་ནས་བཅོས་བསྒྱུར་བྱེད་པ་དང་མཐོར་འདེགས་གཏོང་བ། འགྱུར་ལྡོག་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་མ་འོངས་གསར་གཏོད་བྱེད་དགོས་ཟེར།
ཧུར་ཐག་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐོར་ནས། ཝང་གོ་ཧྲིན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔའི་རིང་ལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་དེ་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཇེ་བརྟན་དུ་གཏོང་བ་དང་དེ་ལག་ལེན་མཐར་ཕྱིན་བྱེད་པ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གཅིག་གྱུར་མཐུན་སྦྱོར་སྒོས་སྤེལ་བ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བསྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་དང་། མགོ་ཚུགས་ས་གསར་བའི་སྟེང་ནས་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔར་ང་ཚོའི་དམིགས་འབེན་གཙོ་བོ་ནི། དུས་མཉམ་གཅིག་དང་སྔར་ལས་བཞི་ཞེས་པ་མངོན་འགྱུར་བྱེད་དགོས་པ་སྟེ། རྒྱལ་ཡོངས་དང་དུས་མཉམ་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྔར་ལས་འབྱོར་ཕྱུག་དང་སྔར་ལས་དཔལ་ཡོན། སྔར་ལས་འཆམ་མཐུན། སྔར་ལས་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས་པ་དེ་རེད། སྔར་ལས་འབྱོར་ཕྱུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་ཆེར་བཏང་ནས། རིགས་སོ་སོའི་མི་དམངས་རྣམས་ལ་ཁག་ཐེག་ཡོད་པ་དང་སྤུས་ཚད་མཐོ་བ། བརྩི་ཐང་ཡོད་པའི་བཅས་ཀྱི་འཚོ་བ་བཟང་བོ་རོལ་དུ་འཇུག་རྒྱུ་དེ་རེད། སྔར་ལས་དཔལ་ཡོན་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་ཡ་རབས་ཚུལ་ལྡན་དང་མཐུན་སྒྲིལ་མཛའ་མཐུན། ཡིད་རྟོན་རོགས་རེས་བཅས་བྱེད་པ་སྤྱི་ཚོགས་ཡོངས་ཀྱི་རང་འགུལ་བྱ་སྤྱོད་དུ་འགྱུར་བར་བྱེད་རྒྱུ་དེ་རེད། སྔར་ལས་འཆམ་མཐུན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་འགྲིག་མཐུན། ཆོས་ལུགས་འཆམ་མཐུན། མི་དང་རང་བྱུང་འཆམ་མཐུན་བཅས་ཡོང་བར་བྱེད་རྒྱ་དེ་རེད། སྔར་ལས་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས་ན། རི་ཆུ་མཛེས་ལ། མི་སྔར་ལས་མཛེས་པར་བྱས་ཏེ། མཛེས་སྡུག་ཀྲུང་གོའི་མིང་བྱང་གསལ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ངེས་པར་དུ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ངེས་པར་དུ་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། ངེས་པར་དུ་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ངེས་པར་དུ་བློ་གཅིག་སེམས་གཅིག་སྒོས་མི་དམངས་ལ་བདེ་སྐྱིད་གཉེར་བ། ངེས་པར་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁོངས་བྱེད་པ་བཅས་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཁ་ཕྱོགས་གསལ་བོ་གཏན་འཁེལ་དང་། སྟོབས་ཤུགས་གཅིག་སྒྲིལ། དཀའ་ཁག་ཁྱད་སེལ། ཡར་རྒྱས་འབད་འཐབ་བཅས་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་ཁ་གསར་བ་བརྩོན་ལེན་བྱེད་དགོས། འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དེ་ནི་ང་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བཞག་པའི་བརྗིད་ཉམས་དམ་བཅའ་ཡིན་པས། ང་ཚོས་ལོ་རྒྱུས་ཀྱི་རྗེས་བཟང་བོར་སྐྱོང་བ་དང་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱས་ནས། སྐབས་གཅིག་གི་རྗེས་མཐུད་དེ་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་པ་དང། རླབས་ཆེན་དམིགས་འབེན་དེ་མཛེས་སྡུག་གི་དོན་དངོས་སུ་སྒྱུར་བར་འབད་བརྩོན་བྱེད་དགོས།
དཔལ་འབྱོར་བརྟན་བརླིང་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པའི་སྐོར་ནས་ཝང་གོ་ཧྲིན་གྱིས་བསྟན་དོན། འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ་ནི་ང་ཚོའི་དོན་ཆེན་གཙོ་བོ་ཡིན་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་སྣེ་ཁྲིད་བྱེད་པ་དང་མཐུན་པར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་བྱ་བ་གཙོ་བོར་བརྩི་བ་དང་། ཚུལ་སྒྱུར་རིམ་སྤོར་དང་། སྤུས་ཚད་དང་ཕན་འབྲས་གཉིས་མཐོར་འདེགས་སུ་གཏོང་རྒྱུ་ཁ་ཕྱོགས་སུ་བརྩི་བ། ལྗང་མདོག་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་རྒྱུ་གཙོ་བོར་བཟུང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བ་དང་། ཁྱས་ཆོས་དང་ཁྱད་སྟོབས་ལྡན་པའི་ཐོན་ལས་དར་སྤེལ་དང་རྒྱ་བསྐྱེད་དེ། སྒུལ་ནུས་གསར་བ་ཆགས་པར་བྱེད་པ་དང་རྒྱབ་རྟེན་གསར་བ་འཛུགས་སྐྲུན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་རབ་འབྲིང་ཡོང་བར་བྱེད་དགོས་ན། དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། གཅིག་འགྱུར་སྒོས་ཁུལ་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ། ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། གནས་སྐོར་ཐོན་ལས་སྟོབས་ལྡན་འཕེལ་རྒྱས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་ལས་མཐོ་ཞིང་སྒྲིག་གཞི་སྔར་ལས་བཟང་བ། སྟོབས་ཤུགས་སྔར་ལས་ཆེ་བ། ཕན་འབྲས་སྔར་ལས་ལེགས་པ་བཅས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུ་བ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བ་མགོ་བཟང་བོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས། དམངས་ཡོངས་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་གནས་བབ་ཆེན་པོའི་མདུན་དུ་ང་ཚོས་འགན་འཁྲི་བསམ་པ་དང་དགོས་གལ་ཆེ་བའི་བསམ་པ་ཇེ་དྲག་ཏུ་བཏང་སྟེ། རང་འགུལ་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་འབད་པ་ཆེན་པོས་བྱ་བ་བསྒྲུབས་ནས། འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས།
ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས། དྭངས་གསལ་གཙང་པོ་ལྷུང་ལྷུང་ཤར་ལ་འབབ་པར་བྱེད་པའི་སྐོར་ནས། ཝང་གོ་ཧྲིན་གྱིས་བསྟན་དོན། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་ཡིན་པས། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་རྒྱུ་དེ་འབད་ཡུལ་གཙོ་བོར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་སྣེ་ཁྲིད་དུ་བྱེད་པ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་གཙོ་གནད་དུ་བྱེད་པ། སྐྱེ་ཁམས་རྩོལ་ནུས་མཐོར་འདེགས་བྱེད་པ་དང་ཐོན་ཁུངས་གྲོན་ཆུང་ཐད་ནས་ཕན་འབྲས་ལེན་པ། ཁོར་ཡུག་བཅོས་སྐྱོང་ཐད་ནས་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། རྒྱལ་ཁོངས་ལྗང་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ལམ་ལུགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འགུལ་སྐྱོད་ཆེན་པོ་ལྔ་འདྲེན་བྱེད་དུ་བྱས་ཏེ། ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཐད་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་སྲ་བརྟན་དུ་གཏོང་ན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་དང་མཚོ་སྔོན་འཕེལ་རྒྱས་ཀྱི་མཚོན་རྟགས་མངོན་གསལ་དུ་འགྱུར་བར་བྱེད་དགོས། སྐྱེ་ཁམས་རྩོལ་ནུས་མཐོར་འདེགས་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱས་ནས། གཅིག་གྱུར་སྒོས་རི་ཆུ་ནགས་ཞིང་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་དགོས། ཐོན་ཁུངས་གྲོན་ཆུང་ཐད་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བའི་འགུལ་སྐྱོད་སྤེལ་ནས། ཐོན་ཁུངས་ཟད་གྲོན་གྱི་ཚད་མཐའ་དང་ཁོར་ཡུག་རྒྱུ་སྤུས་ཀྱི་ཚད་མཐའ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དམ་སྲུང་བྱེད་དགོས། ཁོར་ཡུག་བཅོས་སྐྱོང་རྒྱུ་སྤུས་མཐོར་འདེགས་བྱེད་པའི་འགུལ་སྐྱོད་སྤེལ་ནས། མཁའ་དབུགས་དང་ཆུ། ས་ཞིང་བཙོག་བཟོ་འགོག་བཅོས་འཆར་གཞི་ལག་བསྟར་བྱེད་པ་དང་། ཁུལ་ཁོངས་གཙོ་བོའི་ཁོར་ཡུག་བཙོག་བཟོ་ཐད་ཀྱི་མཉམ་འགོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་དགོས། རྒྱལ་ཁོངས་ལྗང་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། སྐལ་བཟང་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། གཞི་ཁྱོན་ལྡན་པའི་སྒོ་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་དགོས། སྐྱེ་ཁམས་ལམ་ལུགས་འཛུགས་སྐྲུན་འགུལ་སྐྱོད་སྤེལ་ནས། ཐོན་དབང་གསལ་བོ་ཡིན་པ་དང་། ཕྱོགས་མང་ཞུགས་པ། སྐུལ་སློང་དང་ཚོད་འཛིན་མཉམ་འཛིན་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་དགོས། འཆར་འགོད་སྣེ་ཁྲིད་དུ་བྱེད་པ་དང་། ཁྲིམས་ལྟར་སྤྱི་གླིང་འཛུགས་སྐྲུན་བྱེད་པར་རྒྱུན་འཁྱོངས་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་དཔེ་སྟོན་ཁུལ་དང་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་མཚོན་དུ་འཛུགས་སྐྲུན་བྱེད་དགོས། ལྗང་མདོག་ནི་མཚོ་སྔོན་གྱི་ཁྱད་ཆོས་ཡིན་ལ། བདེ་སྐྱིད་ཀྱི་རྩ་བ་ཡིན་པས། ང་ཚོས་སྐྱེ་ཁམས་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་རང་རྟོགས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་ཐད་ནས་སྟོབས་ལྡན་དུ་བསྒྱུར་བ་དང་། བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་ཧ་ཅང་བཟང་བའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་པའི་སྐོར་ནས། ཝང་གོ་ཧྲིན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་ནི་མང་ཚོགས་ཕྱུག་པོར་བསྒྱུར་བ་དང་། མང་ཚོགས་ཀྱི་འཚོ་བའི་ཐད་ནས་འགན་སྲུང་ཡོད་པ་དང་ལ་རྒྱ་ཡོད་པར་བྱེད་རྒྱུ་དེ་རེད། དམངས་ཚིས་བདེ་སྡུག་ལ་དོ་སྣང་བྱས་ཏེ། མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པའི་ཡོང་སྒོ་ཁ་སྣོན་དང་དབུལ་ཐར་ཕྱུག་བསྒྱུར། སྨན་བཅོས་བདེ་ཐང་། སློབ་གསོ་འདྲ་མཉམ། དངོས་གོང་ཚོད་འཛིན་སོགས་ཀྱི་གནད་དོན་ཐག་གཅོད་པའི་ཤུགས་འདོན་དགོས། གནད་ཕིགས་དབུལ་སྐྱོར་བྱ་བ་ལག་བསྟར་ནན་མོ་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་དགོས། སློབ་གསོ་གཙོར་འཛིན་པ་དང་། སྨན་བཅོས་བདེ་ཐང་བྱ་བ་མྱུར་དུ་སྤེལ་བ། སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་གཏོང་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བ། ཡོང་སྒོ་ཇེ་མཐོར་གཏོང་བ་སོགས་ཀྱི་འགུལ་སྐྱོད་སྤེལ་ནས། སྤྱི་ཐུན་ཞབས་ཞུ་ཐད་ནས་མཉམ་འཛུགས་མཉམ་སྤྱོད་བྱེད་དགོས། འདུ་ཤེས་འཛིན་སྟངས་སྣེ་ཁྲིད་དུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པ། རིག་གནས་ལས་དོན་ལ་སྐུལ་འདེད་གཏོང་བ། རིག་གནས་ཐོན་ལས་དར་སྤེལ་བྱེད་པ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁ་བྲལ་ཐབས་མེད་པ་གསུམ་དང་ཁས་ལེན་ལྔའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། མི་རིགས་སོ་སོའི་བར་གྱི་བརྗེ་རེས་འགྲོ་འོང་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་རྒྱུན་མཐུད་ངང་སྤེལ་དགོས། འབུར་གཟུགས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་ཚོད་འགོག་མ་ལག་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། རིག་སྟོབས་ཅན། ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ། དམངས་ཡོངས་ཀྱིས་མཉམ་འཛུགས་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་གཏོད་བྱེད་དགོས། དམངས་ཚིས་དེ་མང་ཚོགས་ཀྱི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པས། ང་ཚོས་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་། དམངས་ཚིས་ཐད་ཀྱི་ཁེ་ཕན་བརྩོན་ལེན་བྱེད་པ། དམངས་ཚིས་ཐད་ཀྱི་བྱ་བ་མང་པོ་བསྒྲུབ་པ། དམངས་ཚིས་ཐད་ཀྱི་དཀའ་གནད་ཐག་བཅད་དེ། ཏང་གི་དྲོད་ཁོལ་ཁྱིམ་ཚང་མང་པོར་སྐྱེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས་ཟེར།
ཏན་ཏན་ཏིག་ཏིག་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་ནས་ཝང་གོ་ཧྲིན་གྱིས་བསྟན་དོན། ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་བཏོན་པའི་རེ་བ་གལ་ཆེན་ཡིན་པས། ང་ཚོས་སྔར་ལས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་། སྔར་ལས་རང་རྟོགས་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ། སྐྱེ་ཁམས་གཉིས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་འགན་འཁྲི་གཉིས་མཉམ་དུ་དང་ལེན་བྱེད་དགོས། རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་མཉམ་དུ་ཆབ་སྲིད་སྐྱེ་ཁམས་ཐད་ནས་ཆུ་མོ་དྭངས་ཤིང་རི་བོ་སྔོ་ལྗང་དུ་གཏོང་དགོས། རིགས་གཞུང་གིས་དྲག་ཆས་སྤྲོ་བ་དེ་སྔར་ལས་འབུར་ཐོན་ཡིན་པའི་གོ་གནས་སུ་འཇོག་པ་དང་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་པ་དེ་ལས་འགན་དང་པོར་བཞག་སྟེ་རྒྱུན་འཁྱོངས་ལྷོད་མེད་སྒོས་དམ་འཛིན་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཟབ་ནན་བྱེད་པ་དང་། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་དང་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་རྟོག་སྲོལ་ཡིག་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་ཕུགས་འདུན་བརྟན་པོར་འཛུགས་པ་དང་ཆབ་སྲིད་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས་ལ། རྦད་ཆོད་སྒོས་ཆབ་སྲིད་ལངས་ཕྱོགས་བརྟན་པོར་སྐྱོང་བ་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་དགོས། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཡིད་ཆེས་བརྟན་པོ་དང་ཏང་ལ་བློ་དཀར་བ་དེ་རེ་བ་དང་པོར་བརྩི་བ་དང་། དོ་དམ་ནན་མོ་དང་ལས་བྱེད་པར་སེམས་ཁུར་བྱེད་པ་ཟུང་འབྲེལ་བྱས་ཏེ། ཤུགས་ཆེན་པོས་ཆབ་སྲིད་ཐད་ནས་ཡིད་རྟོན་རུང་བ་དང་རྦད་ཆོད་སྒོས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། སྤོབས་པ་ཆེན་པོས་རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ལ་འཐབ་རྩོད་བྱེད་པའི་ལས་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞི་དངོས་འབེབས་བྱེད་པའི་རེ་བ་གལ་ཆེན་ཕྱོགས་ནས་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་ཕོད་པ་དང་གྲུབ་འབྲས་སྐྲུན་ཐུབ་པའི་ལས་བྱེད་པ། ཡུན་རིང་བོར་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་རུ་ཡོད་པ་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་ལས་བྱེད་པ་བཅས་གདམ་གསེས་བྱེད་པའི་མི་བཀོལ་ཁ་ཕྱོགས་ཆགས་པར་བྱེད་དགོས། ཤུགས་ཆེན་པོས་ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། བཀོལ་སྤྱོད་བཅས་ཀྱི་འཕེལ་རྒྱས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནུབ་རྒྱུད་ས་ཁུལ་དུ་ཤུགས་རྐྱེན་ཆེ་བའི་ཤེས་ལྡན་མི་སྣའི་རྟེན་གཞི་གསར་སྐྲུན་བྱས་ནས། མཚོ་སྔོན་ནི་སྣ་མང་ཤེས་ལྡན་མི་སྣས་ནུས་པ་འདོན་ས་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་ས་ཁུལ་དུ་འགྱུར་བར་བྱེད་དགོས། རྒྱུན་མཐུད་སྒོས་རྨང་གཞི་གསུམ་གྱི་འཛུགས་སྐྲུན་ལག་བསྟར་བྱས་ཏེ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པ་དང་རྨང་གཞིའི་བྱ་བ་སྲ་བརྟན་དུ་བཏང་ནས་གཞི་རྩའི་ནུས་པ་ཇེ་ཆེར་གཏོང་དགོས། སྲོལ་བཟང་སྒྲིག་སྲུང་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་ལེགས་སྒྱུར་དང་གསར་སྐྲུན་བྱེད་པ་དང་སྤོབས་པ་ཆེན་པོས་མི་ལེགས་པའི་སྤྱོད་ཚུལ་ཡོད་ཚད་ལ་ངོ་རྒོལ་བྱེད་པར་མ་ཟད། རྒྱུན་མཐུད་སྒོས་རུལ་སུངས་ཚོད་འཛིན་བྱེད་པའི་གནོན་ཤུགས་རྣམ་པ་སྲུང་འཛིན་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་བཏང་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་དུ་རྒྱ་སྐྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཏེ། ཚད་མཐོན་པོའི་སྒོ་ནས་ཕྱོགས་སོ་སོའི་བརྩོན་སེམས་སྐུལ་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་གིས་མགོ་ཁྲིད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐྱེ་ལྡན་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེས་པོས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་དང་། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འཕེལ་རིམ་མྱུར་དུ་ལག་བསྟར་བྱེད་དགོས་ལ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པ་དང་རྩ་འཛུགས་ཀྱི་བཅོས་སྒྱུར་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་དམངས་གཙོ་རྒྱ་བསྐྱེད་པ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རིགས་སོ་སོ་དང་ལས་རིགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་མཐུན་མཉམ་སྐྱོད་བྱེད་པའི་སྟོབས་ལྡན་མཉམ་ཤུགས་གཅིག་སྡུད་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཏེ། ཤུགས་ཆེན་པོས་ཏན་ཏན་ཏིག་ཏིག་བཞིའི་སྤྱོད་ཚུལ་དར་སྤེལ་བྱེད་དགོས། སློབ་སྦྱོང་དེ་བསམ་པའི་རེ་སྙེག་དང་བྱ་བའི་འགན་འཁྲི། འཚོ་བའི་གོམས་སྲོལ་དུ་བརྩིས་ཏེ། མི་དམངས་དགེ་རྒན་དུ་བསྟེན་པ་དང་ལག་ལེན་དངོས་ལ་སློབ་སྦྱོང་བྱེད་པར་མ་ཟད་སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་མདུན་སྐྱོད་བྱེད་དགོས། གཟེར་འདེབས་སྙིང་སྟོབས་དར་སྤེལ་བྱས་ཏེ་མཉམ་འབྲེལ་ནུས་ཤུགས་འདོན་པ་དང་། སྣེ་ཁྲིད་དེ་བྱ་བ་ངོ་མ་སྒྲུབ་ཅིང་བྱ་བ་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་དམ་འཛིན་དང་འགན་འཁྲི་ཁག་ཁུར་བྱེད་ཕོད་པ་དང་། དཀའ་སྡུག་གདོང་གིས་བསུ་བ། དཀའ་གནད་ཐག་གཅོད་པ་དང་བཀག་རྒྱ་སྣ་ཚོགས་སེལ་ནས། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་དར་སྤེལ་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ང་ཚོ་རླབས་ཆེན་གྱི་དུས་རབས་གསར་བར་གནས་ཡོད་པ་དང་། མཚོ་སྔོན་གྱི་ཡུལ་གྲུ་ཀུན་ཏུ་གསོན་ཤུགས་གསར་བ་རྒྱས་པ་དང་རེ་བ་ཆེན་པོའི་ཁེངས་ཡོད། ང་ཚོ་དེ་རིང་ནང་བཞིན་མཚོ་སྔོན་ནས་འཚོ་བ་རོལ་བ་དང་བྱ་བ་སྒྲུབ་པ་ནི་སྔར་མེད་ཀྱི་ང་རྒྱལ་ཞིག་ཏུ་བརྩིས་མ་མྱོང་ལ། དེ་རིང་ནང་བཞིན་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་མ་མྱོང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། མཚོ་སྔོན་ལ་དགའ་ཞིང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་ལ་བྱས་རྗེས་འཇོག་དགོས་ལ། མགོ་ཚུགས་ས་གསར་བ་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།
ཐེངས་འདིའི་ཚོགས་ཆེན་གྱི་འཐུས་མི་མིན་པའི་སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྒྱལ་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་ཆེན་ལ་ཟུར་ཞུགས་བྱས།
ཟི་ལིང་གི་ཏང་ནང་ཁུལ་གྱི་བློ་མཐུན་རྒན་པ་དང་ཏང་ཕྱིའི་མི་སྣའི་འཐུས་མི་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས།